甘孜州传媒中心主办       热线:0836-5124430       
ཚིག་ཇ་དང་འབྲེལ་ཡོད་ཀྱི་མ་ཤེས་ཐབས་མེད་ཀྱི་ཤེས་བྱ་ཁ་ཤས་ངོ་སྤྲོད།
2022-01-13 11:09

དང་པོ། ལུག་རྫི་རྒད་པོ་ཞིག་གི་གཏམ་རྒྱུད།

   གནའ་སྔ་མོ་སྔ་མོར་ཧྥེ་གླིང་ཟེར་བའི་རྩྭ་ཐང་ཆེན་མོ་ཞིག་ཡོད་པ་རེད། རྩྭ་ཐང་དེ་ན་རི་དྭགས་དང་གཅན་གཟན་སྣ་ཚོགས་ཤིན་ཏུ་མོད་པས་ཁྱུ་དང་ཁྱུ་བྱས་ནས་འགྲོ་ཞིང་འདབ་ཆགས་ཀྱི་རིགས་དང་།ཆུ་གནས་ཀྱི་རིགས། འབུ་སྲིན་གྱི་རིགས་ལ་སོགས་པ་ཡང་ཧ་ཅང་འབེལ་ཞིང་འབོལ། ཡང་ས་ཆ་དེའི་ཕྱོགས་དང་ཕྱོགས་ན་མིའི་རིགས་ཀྱི་སྡེ་བ་དང་ཡུལ་ཚོ་སོགས་ཀྱང་ཐར་ཐོར་རེ་གནས། ཁོ་ཚོའི་འཚོ་བ་རི་དྭགས་རྔོན་པ་དང་ཕྱུགས་ཟོག་སྐྱོང་བ། ཤིང་གི་འབྲས་བུ་ཙམ་བཟའ་བ་སོགས་གདོད་མའི་རྣམ་པ་ལྟར་རོལ་བཞིན་ཡོད་པས་གྲོང་ཁྱེར་ཟེར་བ་སོགས་དང་ཁ་ཐག་ཧ་ཅང་རིང་།

   ཡང་ས་ཆ་དེ་ན་ལུག་རྫི་རྒད་པོ་རིག་པ་གཞན་ལས་རྣོ་བ། དབང་པོ་གསལ་བ། བྱ་དངོས་གང་ལ་ཡང་ཉམས་འཇོག་བཟོ་རྒྱུར་དགའ་བ་ཞིག་ཡོད། ཉིན་ཞིག་ཁོ་རང་གིས་ལུག་རྣམས་ཐང་གཞུང་ཞིག་ཏུ་ཕར་འཚོ་བཞིན་སོང་བས་དེའི་ཉིན་མོར་སྔོན་མ་དང་མི་འདྲ་བར་ལུག་ཐམས་ཅད་སྣང་བ་སྤྲོ་ཞིང་རྭ་རྩེད་སྣ་ཚོགས་རྩེ་བ་དང་ཡར་ལྡིང་མར་ལྡིང་བྱེད་པ། འབའ་སྒྲ་འདྲ་མིན་འབྱིན་པ་སོགས་བྱས་པས་ཁོ་རང་ཅུང་ཟད་ཡ་མཚན་པར་གྱུར།

   ཕྱི་ཉིན་སྔ་མོར་ཁོའི་ལུག་རྣམས་རང་བཞིན་གྱིས་ཁ་སང་གི་ཐང་གཞུང་དེ་ན་ཤོར་སོང་ཞིང་ཡང་ཁ་སང་ལྟར་ཡར་ལྡིང་མར་ལྡིང་སོགས་བྱས་བྱུང་བས་དེ་ལས་ཀྱང་ཡ་མཚན་པར་གྱུར་ཏེ་དེའི་རྒྱུ་རྐྱེན་འཚོལ་འགོ་བརྩམས། རྗེས་སུ་ལུག་དག་གིས་ཤིང་ཕྲན་ཞིག་གི་ཤིང་ཏོག་དམར་པོ་ཞིག་ཡོད་པ་དེ་ཟོས་རྗེས་དེ་ལྟར་འགྱུར་གྱིན་ཡོད་པར་ཚོར། དེ་ནས་ཁོ་རང་གིས་ཀྱང་ཚོད་ལྟ་བྱས་པས་སེམས་ཁམས་སྔར་ལས་དྭངས་ཤིང་སྣང་བ་སྤྲོ་བ།རིག་པ་གསལ་བ་སོགས་སྔོན་མ་དང་མི་འདྲ་བའི་འགྱུར་བ་སྣ་ཚོགས་བྱུང་བས་སེམས་སུ་དགའ་ཚོར་ཆེན་པོ་སྐྱེས། འབྲས་བུ་ཡང་མང་པོ་ཞིག་བཏུས་ནས་ཕྱིར་ཁྱིམ་དུ་ཁྱེར་རོ།།

   ཉིན་གཉིས་པའི་ཞོགས་པར་ཡར་ལ་ལངས་དུས་ཁྱིམ་ཡོངས་རྫོགས་དྲི་ཞིམ་ཞིག་གིས་ཁྱབ་ནས་འདུག་པས་བྱིས་པ་ཡ་མཚར་ནས་ཨ་ཕ་ལ། ཨ་ཕ། འདི་ཅི་ཞིག་གི་དྲི་མ་ཡིན་ནམ། དེ་འདྲའི་ཞིམ་པ་ལ་ཨང་ཞེས་བཤད་པ་དང་ཨ་ཕས་འདི་ནི་སྨན་ཞིག་གི་དྲི་མ་ཡིན་ནོ་ཞེས་བཤད། དེ་ནས་བཟུང་ཁོ་ཧྥེ་ནི་ས་ཆ་དེའི་ཞིང་རྨུག་འཐིབས་གསུམ་སོགས་སེམས་ཁམས་མི་དྭངས་པ་གསོ་བྱེད་ཀྱི་སྨན་དུ་གྱུར། དེ་ལྟར་རིམ་བཞིན་རིམ་བཞིན་སྨན་གྱི་རྣམ་པ་དང་དེ་ནས་ལུས་པོ་གསོ་བྱེད་བཅུད་ལེན་གྱི་རྣམ་པ། མཐར་བཏུང་བའི་རྣམ་པ་སོགས་བརྒྱུད་ནས་མཐར་འཛམ་གླིང་གི་ས་ཆ་ཡོངས་རྫོགས་ལ་ཁྱབ་ནས་སོང་བ་ཡིན། ད་ལྟ་ང་ཚོས་འཐུང་བཞིན་པའི་ཁོ་ཧྥེ་ནི་དང་པོར་དེ་ལྟར་བྱུང་བར་གྲགས་ཤིང་ད་སྐབས་ནི་འཛམ་གླིང་གི་བཏུང་བྱ་ཆེན་མོ་གསུམ་གྱི་ཡ་གྱལ་ལ་བགྲང་བ་ཞིག་གོ།།

གཉིས་པ། མིང་གི་དཔྱད་པ་ཐུང་ངུ་།

   ཁོ་ཧྥེ་ཞེས་པ་ནི་དུས་རབས་ཀྱི་ཤྭ་འོད་ཆེན་མོས་ཁྱེར་ཡོང་བའི་མིང་གསར་མང་པོ་ཞིག་ཡོད་པ་ལས་དེ་དག་གི་ཁྲོད་ཀྱི་གཅིག་ཡིན། དབུས་དང་ལྷ་སའི་ཕྱོགས་ནས་མིང་འདི་ལྟར་འབོད་པ་རྒྱུག་ཆེ་ཞིང་ཨ་མདོ་སོགས་ནས་འཚིག་ཇ་ཞེས་འབོད་དགོས་པར་སྒྲོག མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་གཙོ་སྒྲིག་གནང་བའི་རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་དུ་ཁོ་ཧྥེ་དང་འཚིག་ཇ་གཉིས་ཀ་འབོད་ཆོག་པར་བྲིས་ཡོད་པས་སྤྱིའི་ཆ་ནས་ཐ་སྙད་འདི་གཉིས་ཀ་ང་ཚོས་དང་ལེན་བྱས་ཟིན་པའི་ཟོལ་རེད། དབྱིན་ཇིའི་ཡིག་ཐོག་ན་༼ COFFEE ༽ཞེས་བྲིས་ཡོད་པ་དང་རྒྱ་ཡིག་ཏུ་༼咖啡༽ཞེས་བྲིས་ཡོད། དོན་དུ་གཉིས་ཀ་སྒྲ་བསྒྱུར་ཡིན་པར་སྣང་། རྒྱ་སྒྲ་དབྱིན་སྒྲ་ལས་བྱུང་ཞིང་དབྱིན་སྒྲ་ཀེ་རུ་སུའི་སྒྲ་ལས་བྱུང་བ་འདྲ། གང་ལྟར་འཛམ་གླིང་སྤྱིའི་ཆ་ནས་ཁོ་ཧྥེ་ཞེས་པའི་སྒྲ་འདི་རྒྱུག་ཆེ་བ་ཡིན། དཔེར་ན་ཨ་རི་དང་དབྱིན་ཇི། རྒྱ་ནག འཇར་པན། ལྷོ་ཁོ་རེ་ཡ་སོགས་ཡོད་ཚད་ཀྱིས་སྒྲ་ཅུང་ཙམ་མི་འདྲ་བ་ལས་ཁོ་ཧྥེ་ཞེས་པའི་མིང་གིས་འཛིན་པ་ཡིན། དེ་ལ་དཔྱད་ནས་ང་ཚོས་ཀྱང་རྒྱུག་ཆེ་བ་དབང་བཙན་པར་བྱས་ནས་ཁོ་ཧྥེ་ཞེས་འབོད་པ་དེ་བདེ་བར་སྙམ་མོ།།

གསུམ་པ།  ཁོ་ཧྥེ་དང་འབྲེལ་ཡོད་ཀྱི་ཐ་སྙད་འགའི་གསལ་བཤད།

ཁོ་འཚག

   ཁོ་འཚག་ནི་ཁོ་ཧྥེ་བཟོ་བྱེད་ཀྱི་འཕྲུལ་ཆས་གཙོ་བོ་དེའི་མིང་ལ་བྱ། འདི་ལ་མཆུ་གཅིག་ཅན་དང་གཉིས་ཅན། གསུམ་ཅན་སོགས་ཡོད་པ་ཡིན། སྤྱིའི་ཆ་ནས་མཆུ་གཉིས་ཅན་བཀོལ་བ་མང་། མགྲོན་པོ་མང་པོ་མེད་ས་ནས་མཆུ་གཅིག་ཅན་དང་མགྲོན་པོ་ཧ་ལས་མང་ས་ནས་མཆུ་གསུམ་ཅན་སོགས་བཀོལ། འདི་ལ་འོ་མ་དཀྲུགས་པ་དང་ཁོ་ཁུ་བཙག་པ། ཆུ་ཚན་བཟོ་བ། དབུགས་དང་རླངས་པ་བཟོ་བ་སོགས་ཀྱི་བྱེད་ནུས་ཡོད། ཁོ་ཧྥེ་ཁང་ཞིག་ལ་མཚོན་ན་ཆེས་ཡོ་ཆས་གཙོ་བོ་དེ་ཡིན་ནོ།།

ཁོ་སྲན།

   ཁོ་སྲན་ལ་དབྱེ་ན་གཉིས། སྲན་ལྗེན་དང་སྲན་བརྔོས་གཉིས། ཁོ་སྲན་ནི་ཁོ་ཧྥེ་བཟོ་བྱེད་ཀྱི་སྲན་ལྡོག་གཙོ་བོ་དེ་ལ་ཟེར་ཞིང་རང་རེའི་ནས་དང་ཡོས་ལ་དཔེ་བཞག་ནས་གོ་བ་བླངས་ན་ཆོག དཔེར་ན་སྲན་ལྗེན་ནི་མེ་ཡིས་མ་བརྔོས་པའི་སྔོན་གྱི་མེ་ཏོག་གི་འབྲས་བུ་ནས་ལྟ་བུ་དེ་ལ་ཟེར་བ་དང་སྲན་བརྔོས་ནི་བརྔོས་ཟིན་པའི་རྗེས་ཀྱི་ཡོས་ལྟ་བུ་དེ་ལ་ཟེར། དེ་ནས་ཁོ་མཆིག་བརྒྱུད་ནས་འཐག་ཟིན་པའི་རྗེས་ཀྱི་རྩམ་པ་ལྟ་བུ་དེ་ལ་ཁོ་ཕྱེ་ཞེས་བྱ། ང་ཚོའི་འཐུང་གིན་པ་ནི་ཁོ་ཕྱེ་བཙགས་ནས་བྱུང་བའི་ཁུ་བ་སྟེ་གོ་སླ་བར་བྱས་ན་དཔེར་ན་རྩམ་ཁུ་ལྟ་བུ་ཞིག་ལ་བྱའོ།།

ཁོ་མཆིག

   ཁོ་མཆིག་ནི་ཁོ་སྲན་བརྔོས་མ་འཐག་བྱེད་ཀྱི་ཡོ་ཆས་ཤིག་ཡིན། འདི་ལ་ཆེ་ཆུང་དང་བྱེད་ནུས་མི་འདྲ་བ་སོགས་རིགས་མང་པོ་ཞིག་སྣང་ཡང་རྩ་བའི་ཆ་ནས་གཉིས་སུ་དབྱེ་ན་ཆོག་པར་འདོད། འོ་ཁོ་བཟོ་བྱེད་དང་ཁོ་ནག་བཟོ་བྱེད་དེ་གཉིས་སོ།། ཁང་ཧྥེ་ཁང་ཞིག་ལ་མཚོན་ན་མ་ཡོད་ཐབས་མེད་ཀྱི་ཡོ་ཆས་ཤིག་གོ།།

ལག་བཟུང་།

   ལག་བཟུང་ནི་ཁོ་ཕྱེ་འཐག་ཟིན་པ་དག་སྡུད་སའི་ཡོ་ཆས་ཤིག་གི་མིང་ཡིན། ཁོ་མཆིག་གི་འོག་ནས་ཁོ་ཕྱེ་བཏོན་ཏེ་ལག་བཟུང་གི་ནང་དུ་བླུགས་རྗེས། ཕྱེ་མནན་གྱིས་མནན་ཏེ་ཁོ་འཚག་གི་མཆུ་དང་སྦྱར་ནས་ཁུ་བ་འཚག་པའི་དངོས་པོ་ཞིག་གོ།།

ཕྱེ་མནན།

   ཕྱེ་མནན་ནི་ཁོ་སྲན་ཀྱི་ཕྱེ་མ་མནན་བྱེད་ཀྱི་ལྕགས་རིགས་སུ་གཏོགས་པའི་ཡོ་ཆས་ཤིག་གོ།།

ཁོ་ཕོར།

   ཁོ་ཕོར་ནི་ཁོ་ཧྥེ་འཐུང་སྣོད་ཀྱི་དཀར་ཡོལ་དང་ཤེལ་ཕོར་གྱི་རིགས་ལ་བྱ། འདི་ལ་རིགས་མང་དུ་སྣང་ཡང་རྩ་བའི་ཆ་ནས་རིགས་བཞིའམ་ལྔ་ལ་དབྱེ་ན་ཆོག་པར་སྙམ། དང་པོ་ཁོ་ཕོར་ལྟོ་ལྡིར། འདི་ནི་དཔེར་ན་ཁ་ཕོ་ཆེ་ཁོ་ཧྥེ་དང་ཅག་མ་སོགས་འཐུང་སྣོད་ཀྱི་རིགས་དེ་ལ་ཟེར་ཞིང་། སྤྱིའི་ཆ་ནས་ཤོང་ཚད་180mlཙམ་ཡིན། གཉིས་པ་ནི་མ་ཁུ་ཁོ་ཕོར་ཡིན་ལ་འདི་ནི་ན་ཐེ་སོགས་འཐུང་སྣོད་ཀྱི་ཁོ་ཕོར་རིགས་དེ་ཡིན། ཁོ་ཕོར་ལྟོ་ལྡིར་དང་བསྡུར་ན་སྐེ་ཡར་ཅུང་ཙམ་མཐོ་བ་དང་སྤྱིའི་ཆ་ནས་རང་ཅག་གི་རྒྱུན་མཐོང་ཇ་ཕོར་དག་དང་ཅུང་འདྲ་ཙམ་ཡོད། ཁོ་ཧྥེ་ཁང་འགའ་རེས་ཁ་ཕོ་ཆེ་ཁོ་ཧྥེ་སོགས་ལ་ཡང་ཁོ་ཕོར་ལྟོ་ལྡིར་མི་བཀོལ་བར་འདི་བཀོལ་བ་ཡང་ཡོད།  གསུམ་པ་ནི་ཁོ་ནག་ཁོ་ཕོར་ལ་འདོད་དེ་འདི་ཁོ་ཕོར་ལྟོ་ལྡིར་དང་འདྲ་ཙམ་ཡོད། ཡིན་ན་ཡང་ཁོ་ཕོར་ལྟོ་ལྡིར་གྱི་ཁ་ནང་དུ་སོང་ཞིང་འདིའི་ཁ་ཕྱི་རུ་ཡོད་པ་དང་དཀར་ཡོལ་ཡང་འདིའི་སྲབ་པ་ཡིན་པས་མཛེས་ཉམས་འདི་ཆེ། ཁོ་ནག་གི་རིགས་ཚང་མར་ཁོ་ཕོར་འདི་བཀོལ་སྲོལ་ཡོད། བཞི་པ་ནི་ཁོ་ཧྥེ་གྲང་མོ་འཐུང་སྣོད་ཀྱི་ཁོ་ཕོར་གྱི་རིགས་དེ་ཡིན་ཞིང་འདི་དག་ཕལ་ཆེར་ཤེལ་ཕོར་རྐྱང་རྐྱང་ཡིན། འདི་ལ་ཤེལ་ཕོར་རྐང་རིང་དང་ལྟོ་ལྡིར། མདོག་འདྲ་མིན་ཅན། ཆེ་ཆུང་སྣ་ཚོགས་བཅས་བཀོལ་གྱིན་ཡོད་པས་མཐའ་གཅིག་ཏུ་འདི་ཤེས་བརྗོད་དུ་མེད། གཙོ་བོ་ཁོ་ཧྥེ་ཁང་གི་མཛེས་བཟོ་དང་མཐུན་པ་ཞིག་ཡིན་ན་ཆོག་པར་འདོད། ལྔ་པ་ནི་ཁོ་ཧྥེ་ཁང་རང་རང་གི་ཚོང་རྟགས་ཡོད་པའི་ཁོ་ཕོར་ལ་འདོད་ཅིང་འདི་ལ་ཁོ་ཕོར་ལྟོ་ལྡིར་དང་མ་ཁུ་ཁོ་ཕོར་སོགས་ཀྱི་དབྱེ་བ་མི་འབྱེད་པར་ཆ་མཉམ་ཀྱིས་ཁོ་ཕོར་ཞིག་བཀོལ་གྱིན་ཡོད་པ་ཡིན། སྤྱིའི་ཆ་ནས་མང་ཤོས་ཀྱིས་མ་ཁུ་ཁོ་ཕོར་དང་ཆ་འདྲ་བ་རེ་བཟོ་སྲོལ་ཡོད། ཡིན་ན་ཡང་ངེས་པ་མེད་པར་སྣང་།

འོ་ཁོ།

   འོ་ཁོ་ནི་འོ་མ་ཁོ་ཧྥེ་ལ་ཟེར་ཞིང་བརྒྱ་ཆའི་བདུན་ཅུ་ཙམ་འོ་མ་ཡིན་པའི་ཁོ་ཧྥེ་མངར་མོའི་རིགས་དེ་ལ་འབོད། དཔེར་ན་ཁ་ཕོ་ཆེ་དང་ཅག་མ། མོ་ཁ་སོགས་སོ།།

ཁོ་ནག

   ཁོ་ནག་ནི་འོ་མ་རྩ་བ་ནས་མེད་པའི་ཁོ་ཧྥེ་རོ་ཁ་མོའི་རིགས་དེ་ལ་ཟེར། སྤྱིར་ཁོ་ཧྥེ་དག་མ་ནི་ཁོ་ནག་གི་རིགས་དེ་ཡིན་པར་སྣང་། གྲོང་ཁྱེར་སོགས་ཁོ་ཧྥེ་དར་རྒྱས་ཆེ་བའི་ཡུལ་ནས་ཁོ་ནག་རྐྱང་རྐྱང་འཐུང་བ་ཡིན། འཛམ་གླིང་ན་སྐད་གྲགས་ཆེ་བའི་བྱི་སྐྱག་ཁོ་ཧྥེ་ཡང་ཁོ་ཧྥེ་ནག་པོའི་རིགས་སུ་གཏོགས། ཁོ་ནག་འདི་ལ་རིགས་ཧ་ཅང་མང་ངོ་།།

བཞི་པ། རྒྱུན་མཐོང་ཁོ་ཧྥེ་འགའ་ངོ་སྤྲོད།

ཁ་ཕོ་ཆེ་ཁོ་ཧྥེ།

   དབྱི་ཐ་ལིའི་སྐད་དུ་ཁོ་ཧྥེ་འདི་ལ་Cappuccinoཟེར་ཞིང་དོན་ནི་དབྱི་ཐ་ལིའི་ཝུ་བ་ཅན་གྱི་ཁོ་ཧྥེ་ཞེས་པ་ལ་འཇུག དེ་རྒྱ་སྐད་དུ་སྒྲ་དོན་གཉིས་ཀ་ལ་གོ་རྒྱུ་ཡོད་པ་加倍情浓ཞེས་པ་ལ་བསྒྱུར། འོན་ཀྱང་སྒྲ་བསྒྱུར་རྐྱང་པ་卡布奇诺ཞེས་པ་དེ་རྒྱུག་ཆེ་བར་གྱུར། དུས་རབས་ཉི་ཤུ་པའི་མགོ་ཙམ་ལ་ཁོ་ཧྥེ་འདི་དར་ཁྱབ་བྱུང་ཞིང་ཁྱད་ཆོས་གཙོ་བོ་ཁོ་ཧྥེའི་ཁུ་རྐྱང་གི་ཐོག་ཏུ་འོ་མ་རླངས་དཀྲུགས་བྱས་ཏེ་ཝུ་གཟུགས་བསྣན་པ་ཞིག་ཡིན། ད་ནས་བཟུང་བོད་ལ་ཡང་ཁོ་ཧྥེའི་རིག་གནས་དར་བའི་དབུ་ཚུགས་པ་ཡིན་པས་ཁོ་ཧྥེ་འདི་ལ་བདག་གིས་སྒྲ་དོན་གཉིས་ཀ་ནས་གོ་རྒྱུ་ཡོད་པ་ཁ་ཕོ་ཆེ་ཁོ་ཧྥེ་ཞེས་བོས་པ་ཡིན་ནོ།།

ཁུན་ཡ་ཁོ་ཧྥེ།

   ཁོ་ཧྥེ་འདི་ལ་དབྱིན་ཇིའི་སྐད་དུ་KENYAAAཞེས་འབོད་ལ་ཐོབ་ཐང་AAཡིན།  AAགཉིས་ཡོད་པ་དེས་ཆེས་མཐོ་བའི་རིམ་པ་དེ་ཡིན་པར་མཚོན་གྱིན་ཡོད། ཁོ་ཧྥེ་འདིའི་འབྲས་བུ་ནི་ཧྥེ་གླིང་གི་མཐོ་སྒང་གི་ས་ཆ་དག་ན་བཏབས་ཡོད་འདུག་ལ་ཁུན་ཡ་ཁོ་ཧྥེ་དེ་ས་ཆ་དེའི་ཁོ་ཧྥེའི་སྐོར་གྱི་ཚབ་མཚོན་རང་བཞིན་གྱི་ཁོ་ཧྥེ་དེ་ཡང་ཡིན་འདུག འདིའི་འབྲས་བུ་འབྲས་བུ་གཞན་དང་མི་མཚུངས་པར་ནང་ཤ་རྒྱས་ཤིང་དབྱིབས་སྒོར་སྒོར་ཡིན་པར་མ་ཟད། དྲི་ཞིམ་པ་དང་བཅུད་བཟང་བ་སོགས་ཀྱི་ཁྱད་ཆོས་ཀྱང་ཡོད་པར་བཤད། ཉིན་རྒྱུན་ཞོགས་པར་མལ་ལས་ལངས་རྗེས་ཁུན་ཡ་ཕོར་བ་གང་རེ་བཞེས་ན་ཉིན་གོང་བོར་སེམས་སྤྲོ་བ་དང་རྣམ་རིག་གསལ་བ་སོགས་ཀྱི་ནུས་པ་ཡང་ཡོད་པ་ཞིག་གོ།།

ཁོ་ཧྥེ་དཀར་པོ།

   ད་སྐབས་རང་ཅག་གིས་རྒྱུན་དུ་བཞེས་བཞིན་པའི་ཁོ་ཧྥེ་དག་ནི་ཁོ་ཧྥེ་ནག་པོའི་ཕྱོགས་སུ་གཏོགས། དེ་ལས་ད་རུང་ཁོ་ཧྥེ་དཀར་པོ་ཞེས་པ་ཞིག་ཀྱང་ཡོད་དེ་ཁོ་ཧྥེ་འདི་ནི་འཛམ་གླིང་གི་མིང་གྲགས་ཆེ་བའི་ཁོ་ཧྥེ་དག་གི་གྲས་ཀྱི་གཅིག་ཡིན། ཁོ་ཧྥེ་འདིའི་འབྲས་བུ་མེ་འཇམ་པོས་བརྔོས་ཤིང་གྲུབ་པ་ཡིན་པས་འཚིག་དྲི་དེ་འདྲ་མི་ཆེ་ཞིང་རང་བྱུང་གི་བྲོ་བ་མ་ཉམས་པར་གནས་ཡོད། ད་རུང་དྲི་ཧ་ཅང་ཞིམ་པ་དང་རོ་ཕུན་སུམ་ཚོགས་པ་ཞིག་ཡོད་པས་ཁྱད་ཆོས་དེ་དག་ལ་དམིགས་ནས་འཛམ་གླིང་གི་མིང་གྲགས་ཆེ་བའི་ཁོ་ཧྥེ་དག་གི་གྲས་སུ་བཙུད་པ་ཞིག་ཡིན་འདུག་གོ།།

ཞ་ཝེ་ཡེ་ཁོ་ཧྥེ།

   ཁོ་ཧྥེ་འདི་ནི་ཨ་རིའི་ས་ཆ་ནས་ཐོན་བཞིན་པའི་ཁོ་ཧྥེ་གཅིག་པུ་དེ་ཡིན་པར་བཤད། མིང་ལ་ཞ་ཝེ་ཡེ་ཁོ་ཧྥེ་ཞེས་བྱ། དེ་ནི་ཨ་རིའི་ས་ཆ་ཞ་ཝེ་ཡེ་ཞེས་པའི་ནུབ་ཕྱོགས་ན་མེ་རི་ཞིག་ཡོད་པ་དེ་ལས་ཐོན་གྱིན་ཡོད་པས་མིང་དེ་ལྟར་ཐོགས། བྲོ་བ་ཅུང་ཟད་མཐུག་ཅིང་དྲི་མ་ཞིམ་པ་དང་། ད་རུང་རོ་ཐུན་མོང་མ་ཡིན་པ་ཞིག་ཡིན། ཁོ་ཧྥེ་འདི་ཞ་ཝེ་ཡེ་ས་ཆའི་ཐོན་རྫས་དག་གི་ཚབ་མཚོན་རང་བཞིན་གྱི་ཐོན་རྫས་ཤིག་ཡིན་པས་ས་ཆ་དེ་ན་འགྲོ་མཁན་དག་གིས་ཉོ་རྒྱུར་ཧ་ཅང་དགའ་བའི་ཐོན་རྫས་ཤིག་ཡིན་པར་བཤད་འདུག་གོ།།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་།

གསར་འགྱུར། རིག་གནས།

གྱེར་འདོན། བརྙན་རིས།

འབྲེལ་གཏུགས་བྱེད་ཡུལ། 

དོན་འགྲུབ་ཕུན་ཚོགས། །སྐལ་བཟང་ཆོས་གྲགས།

འཇམ་དབྱངས་མཁྱེན་རབ།

ཁ་པར་ཨང་གྲངས།

 0836-2838261

ལྟ་སྐུལ་བ། དོན་འགྲུབ་ཕུན་ཚོགས།

གཙོ་འགན་པ། སྐལ་བཟང་ཆོས་གྲགས།

རྩོམ་སྒྲིག་པ། འཇམ་དབྱངས་མཁྱེན་རབ།

网友评论
网友评论仅供其发表个人看法,并不表明我司立场
0
评论(0)
收藏
最  新  内  容
相  关  推  荐
换一换