甘孜州传媒中心主办       热线:0836-5124430       
བྲག་འགོའི་འོང་སྐོར་དམངས་སྲོལ་རིག་གནས་དུས་སྟོན་མཇུག་སྒྲིལ།
2023-07-17 10:50

ཁྱེད་ཉིད་བྱོན་པ་ལེགས།

欢迎您的关注

གཟིགས་་་་

ཁམས་པའི་དཔལ་ཡོན།

དྭངས་གཙང་གི་དཀར་མཛེས། 



༢༠༢༣ལོའི་བྲག་འགོའི་འོང་སྐོར་གྱི་དམངས་སྲོལ་རིག་གནས་དུས་སྟོན་བདེ་བླག་ངང་མཇུག་སྒྲིལ།

ཟླ་བ་བདུན་པའི་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར། བོད་རིགས་དང་ཆའང་རིགས། དབྱིས་རིགས། སོག་རིགས། མིའོ་རིགས། ཡུ་གུར་སོགས་མི་རིགས་མང་པོས་ལ་གླུ་སྙན་མོ་མཁའ་ལ་གྲགས་པ་དང་ལྷན་དུ་ས་ཆེན་དགྱེས་གླུ་ཞེས་པའི་༢༠༢༣ལོའི་བྲག་འགོ་རྫོང་གི་འོང་སྐོར་དམངས་སྲོལ་རིག་གནས་བྱེད་སྒོ་དངོས་སུ་མཇུག་སྒྲིལ་བ་རེད།

ཡང་བསྐྱར་ཏང་ལ་གླུ་ཞིག་ལེན་ཞེས་པས་བརྗོད་དོན་གཙོ་བོ་བྱས་པའི་མཇུག་སྒྲིལ་མཛད་སྒོའི་ཐོག བོད་ཀྱི་གཞས་གཏོང་མཁན་ནམ་མཁའ་མཚོ་དང་ཨ་ནུ་རིང་ལུགས། བདེ་སྐྱིད་ཚེ་རིང་། ཨ་ཀུན། ཚེ་དབང་ལྷ་མོ་སོགས་ཀྱིས་གླུ་ཡི་མཆོད་པ་ཕུལ་ཞིང་། དར་མདོ་དང་རོང་བྲག བརྒྱད་ཟིལ་སོགས་ནས་ཡོང་བའི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པས་ཐུན་མོང་མ་ཡིན་པའི་ལ་གླུའི་དབྱངས་རྟ་གྱེར་བ་དང་། ཡུ་གུར་རིགས་དང་མིའོ་རིགས། དབྱིས་རིགས། སོག་པོ་སོགས་མི་རིགས་མང་པོའི་གཞས་པ་ཚོས་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གཞས་སྙན་མོའི་ལེགས་སྐྱེས་ཕུལ་བ་རེད།

སྲོལ་རྒྱུན་གྱི་བྲོ་བ་མ་ཡལ་བའི་མེས་པོའི་དབྱངས་རྟ་རེ་རེས་ཡུལ་དངོས་ལྟད་མོ་བའི་ཡིད་སེམས་བཀུག མི་རིགས་མང་པོ་དང་རྣམ་པ་འདྲ་མིན། ཐུན་མིན་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་ལ་གླུ་རེ་རེ་ཀྲུང་གོའི་བོད་ཀྱི་ལ་གླུའི་ཕ་སར་འབོད་པའི་བྲག་འགོ་ནས་བླངས་པ་རེད།

ཟླ་བ་བདུན་པའི་ཚེས་བཅུ་གསུམ་ཉིན་གྱི་འགོ་ཚུགས་མཛད་སྒོ་ནས་ཚེས་བཅོ་ལྔ་བར་ཉིན་གསུམ་རིང་། སྣ་མང་ཕུན་སུམ་ཚོགས་པའི་བྲག་འགོའི་དམངས་སྲོལ་རིག་གནས་དང་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ཡུལ་སྲོལ་གོམས་གཤིས་ཉམས་སུ་མྱོང་བཅུག་ཡོད། ཡིད་ཀྱི་དང་བ་འདྲེན་པའི་ལ་གླུ་དང་ཚོན་མདངས་རྣམ་པར་བཀྲ་བའི་ཐང་ག ཅང་ཤེས་བང་རྩལ་འགྲན་པའི་རྟ་རྒྱུག མཛེས་པ་གཅིག་ཏུ་བསྡུས་པའི་པར་རིས་འགྲེམས་སྟོན། དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་རླངས་འཁོར་འགྲན་སྡུར། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཁྱད་རྫས་འགྲེམས་སྟོན་སོགས་རིག་གནས་དང་ཡུལ་སྐོར། འགྲེམ་སྟོན་ཕྱིར་འཚོང་། གླེང་སྟེགས་སོགས་གཅིག་ཏུ་བསྡུས་ཏེ། ལྟད་མོ་རྒྱ་ཆེན་པོ་བཤམས་པས་ཡུལ་སྐོར་བ་ཚོས་བྲག་འགོ་ནས་མཛེས་ལྗོངས་ལ་ལྟ་བ་དང་ཟས་མཆོག་ལ་རོལ་བཞིན་བྲག་འགོའི་མཛེས་པ་མ་ལུས་ཕྱོགས་བཞིའི་མགྲོན་པོའི་མིག་གི་དགའ་སྟོན་དང་སེམས་ཀྱི་ལོངས་སྤྱོད་སུ་ཕུལ།

དེ་ལས་ཀྱང་དོན་སྙིང་ལྡན་པ་ཞིག་ལ། མཚོ་བོད་མཐོ་སྒང་གི་སྐབས་དང་པོའི་ནས་འབྲུ་ཐོན་ལས་སྤུས་མཐོའི་འཕེལ་རྒྱས་བགྲོ་གླེང་དང་ང་ཚོའི་དུས་ཆེན་ཞེས་པའི་བྲག་འགོའི་འོང་སྐོར་དམངས་སྲོལ་རིག་གནས་རྟོག་ཞིབ་བྱེད་སྒོ། སྐབས་དང་པོའི་བྲག་འགོའི་ན་གཞོན་ལས་གཏོད་འཕེལ་རྒྱས་བགྲོ་གླེང་སོགས་བྱེད་སྒོ་བདེ་བླག་ངང་སྤེལ་ནས། ཐོན་ལས་འཕེལ་རྒྱས་དང་རིག་གནས་རྒྱུན་འཛིན། གསར་གཏོད་ལས་གཏོད་སོགས་ཕྱོགས་མང་པོ་ནས་བྲག་འགོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྟོབས་ཤུགས་གཅིག་བསྡུས་བྱས་པ་རེད།

མ་འོངས་པར་བྲག་འགོ་རྫོང་གིས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བར་དམ་དུ་དམིགས་ནས། བརྙན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས་ཀྱི་དོན་ཆེན་གསུམ་གཙིགས་སུ་བཟུང་སྟེ། གསར་གཏོད་སྒུལ་ཤུགས་དང་ཟོང་རྟགས་སྣེ་ཁྲིད། ཁོངས་ཡོངས་སྒོ་འབྱེད། ཨང་ཀིའི་ནུས་སྤྲོད་བཅས་སྒུལ་ནུས་ཆེན་པོ་བཞི་གསོ་སྐྱོང་བྱས་ནས། ཁྲིམས་ལྟར་རྫོང་སྐྱོང་བ་དང་། རིག་གནས་ལ་བརྟེན་ནས་རྫོང་དར་རྒྱས། སློབ་གསོ་ལ་བརྟེན་ནས་རྫོང་སྔོན་ཐོན། འགྲིམ་འགྲུལ་གཙིགས་སུ་འཛིན་པ་བཅས་འཐབ་ཇུས་ཆེན་པོ་ལྔ་ལག་ལེན་བསྟར་བར་མ་ཟད། རྫོང་ཁོངས་ཀྱི་དཔལ་འབྱོར་གཙིགས་སུ་འཛིན་པ་དང་། རྒྱལ་ལམ་གསུམ་གཅིག་བདུན་འགྲམ་རྒྱུད་ཀྱི་ཡུལ་སྐོར་ལྟེ་བ་དང་། ཁུལ་ཁོངས་ཀྱི་ཨང་ཀིའི་ཚོང་གཉེར་ཟོང་འདྲེན་ལྟེ་བ། ཁམས་བྱང་ན་གཞོན་ལས་གཏོད་གསོ་སྐྱོང་ལྟེ་བ་བཅས་ལྟེ་བ་ཆེན་པོ་གསུམ་བསྐྲུན་ནས། རྒྱལ་ཡོངས་དང་ཞིང་ཆེན་གྱི་ཡུལ་སྐོར་དཔེ་སྟོན་ཁུལ་དང་། རྒྱལ་ཡོངས་དང་ཞིང་ཆེན་གྱི་དེང་རབས་ཁྱད་ཆོས་ལྡན་པའི་ཞིང་ལས་ཁུལ། བདེ་ཐང་གི་ཁྱད་ཆོས་ལྡན་པའི་ཐོན་ལས་ཁུལ་བཅས་ཁུལ་གསུམ་བསྐྲུན་རྒྱུ་ཡིན་པ་རེད།

ས་ཆེན་དགྱེས་གླུ་ཞེས་པའི་༢༠༢༣ལོའི་བྲག་འགོའི་འོང་སྐོར་དམངས་སྲོལ་རིག་གནས་བྱེད་སྒོ་བདེ་བླག་ངང་མཇུག་སྒྲིལ་ཞིང་། ང་ཚོས་མཉམ་དུ་དུས་རབས་གསར་པའི་གངས་ཅན་མཐོ་སྒང་གི་བྲག་འགོ་རྫོང་གི་སྲིད་འབྱོར་རིག་གསུམ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཡོང་བར་རེ་སྒུག་བྱེད།



ལྟ་སྐུལ་བ།ཧོར་རྒྱ་མཚོ།

རྩོམ་འགན་པ།དོན་འགྲུབ།ཆོས་གྲགས།

རྩོམ་སྒྲིག་པ་བློ་ཐུབ་བསྟན།

网友评论
网友评论仅供其发表个人看法,并不表明我司立场
0
评论(0)
收藏
最  新  内  容
相  关  推  荐
换一换