རི་ཀླུང་ནགས་ཚལ་ཁྲོད་ཀྱི་བརྩེ་བ་དང་བརྟན་སྲུང་།
ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་རིམ་པ་བཅས་འཕྲིན་སྦྱོར་ཁག་གིས་ཕན་ཚུན་འགྲན་རྩོད་ངང་སྤེལ་གཏོང་བྱས་པའི་གསའ་ཕྲུག་གསུམ་དང་ཤྭ་བ་མཆུ་དཀར་སྐྱབས་པའི་བརྙན་ཐུང་གིས་མི་རྣམས་ཀྱི་མིག་དབང་འཕྲོག་ལ་ཡིད་དབང་འགུག་ཡོད། མི་ཚོས་ཕྱོགས་གཅིག་ནས་གསའ་དང་ཤྭ་བ་མཆུ་དཀར་ལ་སྙིང་རྗེ་བཅངས་ནས་རྒྱབ་སྐྱོར་བྱས་པ་དང་། ཕྱོགས་གཞན་ཞིག་ནས་སེར་ཤུལ་རྫོང་རྩེ་མདའ་ཡུལ་ཤོག་གི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་གི་སྐྱེ་ཁམས་ཁོར་ཡུག་ལ་བསྔགས་བརྗོད་བྱེད་ཀྱི་ཡོད་མོད། འོན་ཀྱང་དེ་དག་ཚང་མར་བྱས་རྗེས་འཇོག་མཁན་ཏེ་སེར་ཤུལ་རྫོང་རྩེ་མདའ་ཡུལ་ཤོག་ནགས་སྲུང་རུ་ཁག་ཡིན་པ་ཤེས་ཀྱི་མེད།
འབྲི་ཆུའི་ཡུལ་ཤོག་དང་པོ་སྟེ་སེར་ཤུལ་རྫོང་རྩེ་མདའ་ཡུལ་ཤོག་ནི་སི་ཁྲོན་དང་མཚོ་སྔོན། བོད་འབྲེལ་ས་ཁུལ་བཅས་ལྗོངས་དང་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་ཆ་སྙོམས་མཚོ་འཕགས3500ཙམ་ཡོད་ཅིང། ཀྲུང་ཧྭའི་ཆུ་མཛོད་གཙང་གསུམ་ཆུ་འགོའི་འགྲམ་ལ་གནས་པ་དང་། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་འགོ་གསོ་ཡུལ་གལ་ཆེན་ཞིག་ཡིན་པས་མ་ཚད་རྒྱལ་ཁབAབཞི་རིམ་པའི་ལྗོངས་ཁུལ་རྩེ་མདའ་ཤྭ་ལྷའི་ལུང་པ་ཡང་དེ་གར་གནས་ཡོད། ཡུལ་ཤོག་ཡོངས་ཀྱི་ས་ཞིང་བཅུ་ཆ་བརྒྱད་ཙམ་ནགས་སའི་རྩྭ་ཐང་ཡིན་པ་དང་། སྐྱེ་དངོས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ལ་སྐྱེ་ཁམས་ཀྱི་རིན་ཐང་ཡང་ཆེན་པོ་ལྡན། 1998ལོར་རྩེ་མདའ་ཡུལ་ཤོག་གིས་རྒྱལ་ཡོངས་དང་མཉམ་དུ་རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་འདུ་འགོད་ལག་ལེན་བསྟར་འགོ་ཚུགས་ཤིང་། དེའི་རིང་ནགས་སྲུང་རུ་ཁག་ཅིག་བཙུགས་ནས་ལོ་ཉི་ཤུ་ལྷག་གི་རིང་ལ་སྐོར་གཡེང་དང་བརྟན་སྲུང་བྱས་ཡོད།
དེ་གའི་སྤྱི་ལེ་ངོས་གྲུ་སྟོང་ཡན་ཡོད་པའི་ནགས་ཚལ་དང་རི་ཀླུང་། རྩྭ་ཐང་སོགས་གང་སར་ནགས་སྲུང་རུ་མི་ཚོས་རྐང་རྗེས་མ་འཇོག་ས་མེད་པ་དང་། ཁོང་ཚོ་གྲང་རླུང་དང་ཁ་ཆར་ལ་མ་འཛེམ་པར་ཤིང་རྐུ་མཁན་དང་རྔོན་བྱེད་མཁན་ཚོ་དང་འཆི་གསོན་གྱི་འཐབ་རྩོད་བྱེད་པ་དང་། ལང་ཚོ་དང་རྔུལ་ཆུའི་ཁྲོད་ནས་མཛེས་སྡུག་ལྡན་པའི་ནགས་ཚལ་དང་སྲོག་ཆགས་སྲུང་སྐྱོང་བྱེད་ཀྱི་ཡོད།
རྔོན་རྒྱག་མཁན་ལ་རྡུང་རྡེག་ཚ་ནན་གཏོང་བ།
ལོ24ལ་སླེབས་པའི་དཀོན་མཆོག་ཚེ་རིང་ནི་ད་ལྟའི་ནགས་སྲུང་རུ་ཁག་གི་རུ་དཔོན་གཞོན་པ་ཡིན་ཞིང་། ཁོའི་ཨ་ཕ་ལྕགས་ཐར་ནི་ནགས་སྲུང་རུ་ཁག་འདིའི་ཆེས་ཐོག་མའི་རུ་དཔོན་ཡིན། ད་ལྟ་ལྐོག་རྔོན་དང་རྐུ་གཅོད་ཀྱི་དོན་རྐྱེན་ཧ་ཅང་ཉུང་ཉུང་རེད། དེ་སྔ་ཨ་ཕའི་རིང་ལ་དུས་རྒྱུན་མཚོན་ཆ་ཐོགས་པའི་ཁྲིམས་འགལ་ཉེས་ཅན་ཚོ་དང་འཐབ་རྩོད་བྱེད་དགོས་ཀྱི་ཡོད།
རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པའི་རྩེ་མདའ་ཡུལ་ཤོག་གི་ནགས་ཁུལ་དུ་ཤྭ་བ་མཆུ་དཀར་དང་། དྲེད་མོང་། གླ་བ། གཡི།གཙོད་སོགས་རྩ་ཆེའི་སྲོག་ཆགས་གང་སར་ཁྱབ་ཡོད་པར་མ་ཟད། དབྱར་རྩྭ་དགུན་འབུ་དང་། སྙི་བ་སོགས་རྩ་ཆེའི་རྒྱ་ལུགས་སྨན་རྫས་ཀྱང་ཡོད། ཁེ་ཕན་གྱིས་རྐྱེན་པས་དེ་སྔ་ལྐོག་རྔོན་རྒྱག་མཁན་མི་ཉུང་བ་ཞིག་ཐོན་གྱི་ཡོད། དེ་དུས་ཚང་མས་རྩྭ་ཐང་ནགས་ཚལ་གྱི་མེ་གསོད་འདུ་ཤེས་ཞན་པ་དང་རི་སྐོར་ལས་འགན་ལྕི་ལ་ཉེན་ཁ་ཆེ་བ་ཞིག་ཡིན། འོན་ཀྱང་དཀའ་ཚེགས་དང་ཉེན་ཁ་ཆེ་བའི་ལས་འགན་ལྕི་པོ་ཡོད་སྟབས་ལྕགས་ཐར་རྟག་ཏུ་མདུན་གྲལ་དུ་མཆོང་གི་ཡོད། རྩེ་མདའ་ཡུལ་ཤོག་ཏང་ཨུའི་ཧྲུའུ་ཅི་ཉི་མ་ཆོས་འཕེལ་གྱིས་སྐབས་དེའི་ལྐོག་རྔོན་ལ་རྡུང་རྡེག་གཏོང་བ་དང་ནགས་ཚལ་གྱི་མེ་སྐྱོན་འགོག་ཟོན་བྱེད་པའི་འཚོ་བ་ཕྱིར་དྲན་བྱེད་སྐབས་སྔར་བཞིན་ཧང་སངས་དགོས་པ་ཞིག་འདུག། ཉིན་ཞིག་རི་སྐོར་ལ་སོང་དུས། ལྕགས་ཐར་དང་ནགས་སྲུང་པས་ལྐོག་རྔོན་རྒྱག་མཁན་གསུམ་གྱིས་རྟ་བཞོན་ནས་ཤྭ་བ་མཆུ་དཀར་གཉིས་འཁུར་ནས་བྲོས་རྩིས་བྱས་པ་མཐོང་། གནས་ཚུལ་དེ་ཤེས་མཐར་ཁོང་གཉིས་ལས་གཅིག་གིས་སྔོན་ལ་ལྐོག་རྔོན་རྒྱག་མཁན་བཀག། ལྐོག་རྔོན་བྱེད་མཁན་གྱིས་ཀྱང་མགྱོགས་མྱུར་ངང་བྲོས་བྱོལ་བྱེད་བཞིན་དུ་ད་དུང་གནམ་ལ་བོའུ་འཕངས་ནས་ཁོང་ཚོར་འཇིགས་སྐུལ་བྱས། ཁོང་གཉིས་དཔའ་མི་ཞུམ་པར་ལྐོག་རྔོན་རྒྱག་མཁན་དང་འཐབ་འཛིང་བྱས་མཐར་ཚང་མ་བཟུང་ཐུབ་ཡོད།
ལྕགས་ཐར་གྱིས་དུས་རྒྱུན་ང་ནགས་ཚལ་ལ་དགའ། ང་སྲོག་ཆགས་ལ་དགའ། ང་ཕ་ཡུལ་ལ་དགའ་ཞེས་བཤད། ང་ལོ20ལྷག་ལ་ནགས་སྲུང་བ་བྱས་པ་ཡིན།རྩེ་མདའ་ཡུལ་ཤོག་གི་རི་མཐོ་གཡང་གཟར་དང་རི་མཐོ་གྲོག་རོང་དུ་ངས་མིག་བཙུམས་ནའང་ལམ་འཚོལ་ཐུབ་པས་ནགས་སྲུང་བ་གཞན་རྣམས་ཀྱིས་ཁོང་ལ་རིའི་རྒྱལ་པོ་ཞེས་འབོད་ཀྱི་ཡོད། འོན་ཀྱང་དུས་ཡུན་རིང་པོའི་ནང་བཟའ་བཏུང་ལུགས་མཐུན་མིན་པ་དང་།གཟུགས་པོ་ཐང་ཆད་ནས་ལུས་ལ་ནད་ཡམས་ཕོག་སྟེ་ལམ་རྒྱགས་ཕུད་པའི་སྨན་རིགས་དུས་རྒྱུན་འཁུར་དགོས་ཀྱི་ཡོད། 2020ལོར་སི་ཁྲོན་གྱི་སྐོར་ཞིབ་པ་ཡག་ཤོས་ལ་བདམས་ཐོན་བྱུང་བའི་ལྕགས་ཐར་ལ་ཕོ་བའི་ནད་ཇེ་ལྗིད་དུ་སོང་ནས་མཐར་ཕོ་བའི་འབྲས་སྐྲན་དུ་གྱུར་ནས2021ལོའི་ཟླ་བ2པར་སྟབས་མི་ལེགས་པར་ཚེ་ལས་འདས།
སྲོག་ཆགས་སྲུང་སྐྱོང་བྱེད་པ།
ལྕགས་ཐར་ཁྱིམ་གྱི་སྒོ་རའི་ནང་ད་ལྟའང་སྐབས་དེར་བསྐྱབས་པའི་གསའ་དེ་གསོ་སྐྱོང་བྱེད་བཞིན་ཡོད།ཐོག་མར་ཁྲིད་ཡོང་དུས་སྡོད་སའི་ཁོར་ཡུག་ཅུང་མི་འཕྲོད་པས་དཀའ་ལས་ཅུང་ཆེ་ཡང་ཉིན་ལྟར་སྨན་བཅོས་བྱས་པ་དང་ཟ་གཏུང་སྤྲད་རྗེས་གཞི་ནས་ཡངས་པར་གྱུར་པ་དང་འཚོ་བ་སྐྱིད་པོར་ལོངས་སྤྱོད་བྱེད་ཀྱི་ཡོད།
གསའ་དེ་ནགས་སྲུང་བས་བསྐྱབས་པའི་སྲོག་ཆགས་ཐོག་མ་དེ་མ་ཡིན་ལ། དཀོན་མཆོག་ཚེ་རིང་གི་དྲན་པའི་ངོས་སུ་ཁྱིམ་དུ་ད་དུང་ཨ་ཕས་ཁྲིད་འོང་པའི་རི་དྭགས་ཆུང་ཆུང་དང་།རི་དྭགས་རྒས་པ།དབང་པོ་སྐྱོན་ཅན་སོགས་ཧ་ཅང་མང་བས་ང་ཚོའི་ཁྱིམ་ནི་སྲོག་ཆགས་གླིང་ཀ་ཞིག་ཏུ་གྱུར་ཡོད།
ལོ་ཉི་ཤུ་ལྷག་གི་རིང་ནགས་སྲུང་རུ་ཁག་གིས་རོགས་སྐྱོབ་བྱས་པ་དང་འབྲེལ་བདག་ཏུ་མ་བཟུང་བའི་སྲོག་ཆགས་མང་པོ་ཞིག་གློད་ཡོད། ད་ཆ་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་ཡག་པོ་བྱ་ཆེད།རྩེ་མདའ་ཡུལ་ཤོག་གིས་བསྐྲུན་པའི་སེར་ཤུལ་རྫོང་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་མྱུར་སྐྱོབ་ས་ཚུགས་ཐོག་མ་དེ་བེད་སྤྱོད་གཏོང་གྲབས་ཡོད།
ནགས་སྲུང་མེ་འགོག་བྱེད་པ།
ནགས་སྲུང་རུ་ཁག་གི་ལས་འགན་གཙོ་བོ་ཞིག་ནི་ནགས་སྲུང་མེ་འགོག་བྱ་རྒྱུ་དེ་ཡིན། དེར་བརྟེན་རུ་མི་ཚོས་ཟླ་རེར་སྐོར་གཡེང་ཆེན་པོ་རེ་དང་ཉིན10རེར་སྐོར་གཡེང་ཆུང་ཆུང་རེ་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་བདེ་འཇགས་འགན་ལེན་བྱེད་ཀྱི་ཡོད།
ནགས་ཚལ་མེ་སྐྱོན་གྱི་རི་སྐོར་ལ་དོགས་ཟོན་བྱེད་སྐབས།ནགས་ཚལ་དང་རྩྭ་ཐང་གི་རྒྱ་ཁྱོན་ཆེན་པོ་ཡོད་པས།ཁོང་ཚོས་སྐོར་གཡེང་ཞིབ་བཤེར་ཐེངས་གཅིག་ལ་ཉིན་ལྔ་དྲུག་ཙམ་འགོར་གྱི་ཡོད།ཆ་སྙོམས་ཉིན་རེར་སྤྱི་ལེ20ཙམ་བསྐྱོད་དགོས་ཀྱི་ཡོད།ན་ནིང་ལོ་གཅིག་ཁོ་ནར་ནགས་སྲུང་རུ་ཁག་རི་སྐོར་དུ་སྐྱོད་སྐབས་རིམ་རྩིས་བྱས་ན་ཉིན265འགོར་གྱི་ཡོད།རི་སྐོར་རྒྱག་པའི་བརྒྱུད་རིམ་ནང་འགྲན་སློང་ཆེ་ཤོས་ནི་གནམ་གཤིས་ངན་པ་འཕྲད་པ་དེ་རེད། དཀོན་མཆོག་ཚེ་རིང་གིས2012ལོར་རི་སྐོར་རྒྱག་པའི་སྐབས་ཁ་བ་ཆེན་པོ་བབས་པར་མ་ཟད།ཉིན་གསུམ་བསྟུད་མར་བབས་ཤིང་།ཁོང་གི་ཨ་ཕ་ལྕགས་ཐར་ཚུད་པའི་ནགས་སྲུང་བ5རི་འགོར་ཉིན་ལྔ་ལུས་ཡོད།
རི་སྐོར་འགྲོ་མི་དགོས་པའི་སྐབས་སུའང་ཚང་མས་ནགས་སྲུང་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་ཡང་བྱས་མེད། དཀོན་མཆོག་ཚེ་རིང་གིས་རི་སྐོར་ནི་མེ་སྐྱོན་ལ་དོགས་ཟོན་བྱེད་པའི་བྱ་ཐབས་ཀྱི་གྲས་ཤིག་རེད།ནགས་སྲུང་རུ་ཁག་གིས་དེ་བས་མང་བ་ཞིག་ནི་ཡུལ་གྲོང་ལ་རྒྱུན་གཏན་གྱི་ནགས་སྲུང་མེ་ཟོན་དྲིལ་བསྒྲགས་དང་དོ་དམ་བྱ་རྒྱུར་གཞོགས་འདེགས་བྱས་ནས་དུད་ཚང་རེ་རེར་མེ་དང་གློག་གི་ཉེན་མེད་དྲིལ་བསྒྲགས་དང་།ཉེན་མེད་ཀྱི་མི་མངོན་པའི་རྐྱེན་ངན་འཚོལ་ཞིབ།རི་ཁུལ་དུ་འགག་བཙུགས་ནས་མེ་ཁུངས་དོ་དམ་ཚོད་འཛིན།འཚུབ་བསྟུན་ནང་སྦྱོང་སོགས་བྱེད་དགོས་ཞེས་བཤད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།ནགས་སྲུང་བ་ནི་ཐོག་མའི་མི4ནས་ཕྱིས་ཀྱི་མི12བར་དང་།ལོ20ལྷག་ཙམ་རིང་གོམ་པ་རེ་རེ་བཞིན་འཕེལ་རྒྱས་ཕྱིན་ནས་ད་བར་ནགས་སྲུང་བ97ཡོད། ལོ་ཉི་ཤུ་ལྷག་གི་རིང་ཁོང་ཚོའི་ལས་ཀ་བྱེད་སྟངས་ལ་འགྱུར་ལྡོག་བྱུང་མེད། དཀོན་མཆོག་ཚེ་རིང་གིས་ཕ་ལྕགས་ཐར་གྱི་ལས་ཀ་དང་དུ་བླངས་ནས་སྔར་བཞིན་ནགས་སྲུང་བ་ཚོ་དང་མཉམ་དུ་རི་ལ་ཐེངས་རེ་བསྐྱོད་དེ་རི་ལྡེབས་ཚང་མར་བསྐྱོད་པ་དང་།རྩྭ་ཐང་ཚང་མར་ཐེངས་རེ་བསྐྱོད་དེ་རྩེ་མདའ་ཡུལ་ཤོག་གི་རི་རྒོད་ནགས་ཁུལ་དེ“མིག་བཙུམས་ནས་ལམ་འཚོལ་ཐུབ་པའི”ཁྱིམ་གཞིས་ཤིག་ཏུ་གྱུར་ཡོད།
ད་ཆ་རྩེ་མདའ་ཡུལ་ཤོག་ལྟ་བུའི་ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོང་རུ་ཁག་སེར་ཤུལ་རྫོང་དུ་ཁྱོན22བཙུགས་ཡོད་པ་དང་།དེ་དག་ཡུལ་ཤོག་དང་གྲོང་རྡལ་ཚང་མར་ཁྱབ་ཡོད།སྐྱེ་ཁམས་ནགས་སྲུང་བ་དང་རྩྭ་ཐང་སྲུང་སྐྱོང་བ1322ཀྱིས་རི་བོ་མཐོན་པོ་དང་།རྩྭ་ཐང་།ནགས་ཚལ།འདམ་རའི་དབར་བཅས་སུ་སྐོར་སྐྱོད་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་གི་ཤེས་བྱ་དྲིལ་བསྒྲགས་དང་།བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་།ནགས་རིའི་རྩྭ་ཐང་སྲུང་སྐྱོང་བཅས་སྐྱེ་ཁམས་ཐད་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་བཏང་ནས་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་བསྐྲུན་པར་ལེགས་སྐྱེས་འབུལ་བཞིན་ཡོད་པ་རེད།།
