ཞི་ཅིན་ཕིང་ནས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོཊ་ཆེན་ཐོག་བསྟན་དོན།
རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་དེ་ཚེས་9ཉིན་ནས་ཚེས་10ཉིན་བར་པེ་ཅིང་དུ་སྐོང་འཚོགས་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུ་དེ་ནི་ཉེ་རབས་ཚུན་དུ་ཀྲུང་ཧྭ་མི་རིགས་ཀྱིས་ཉིན་མཚན་ཀུན་ཏུ་བསམ་པའི་ཕུགས་འདུན་བཟང་པོ་ཞིག་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བྱ་གཞག་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱེད་པའི་སྔོན་ཁྲིད་ཀྱི་ལས་འགན་དང་རྨང་གཞི་བརྟན་པོ། འཐབ་ཇུས་ཀྱི་འདེགས་སྐྱོར་བཅས་ཡིན་པས། ངེས་པར་དུ་སྔོན་གཏན་འཁེལ་བའི་དམིགས་ཚད་ཕྱོགས་སུ་བརྟན་པོའི་ངང་མདུན་སྐྱོད་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཟླ་9ཚེས་10ཉིན་ནི་རང་རྒྱལ་གྱི་དགེ་རྒན་དུས་ཆེན་ཨང་བཞི་བཅུ་པ་དེ་རེད། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་ཡོད།
ལི་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ལི་ཞི་བཅས་ཚོགས་འདུར་ཞུགས་ཡོད། ཏིང་ཞུའེ་ཞང་གིས་ཕྱོགས་བསྡོམས་གསུང་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། སློབ་གསོ་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྨང་གཞི་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་སློབ་གསོ་དེ་ཉིད་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་པ་དང་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་སློབ་གསོ་དེང་རབས་ཅན་དུ་འགྱུར་མགྱོགས་སུ་གཏོང་བའི་ཐབས་ཇུས་གལ་ཆེན་བཏོན་ཞིང་། 2035ལོར་སླེབས་སྐབས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུའི་འབད་འཐབ་དམིགས་ཚད་གཏན་འཁེལ་བྱས་པ། ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། སློབ་གསོའི་སྒྲིག་གཞི་དང་ལམ་སྲོལ་བསྒྱུར་བཅོས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ། དུས་རབས་གསར་པའི་སློབ་གསོའི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་གནས་སྟངས་རང་བཞིན་གྱི་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་བཏང་བ་བཅས་བྱས་ནས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུའི་ཐད་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ང་ཚོས་བསྐྲུན་ཐུབ་པ་བྱ་རྒྱུའི་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་ཞིག་ཡིན་པས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ནུས་པ་དང་། ཤེས་ལྡན་མི་སྣའི་འགྲན་རྩོད་ནུས་པ། ཚན་རྩལ་གྱི་འདེགས་སྐྱོར་ནུས་པ། དམངས་འཚོའི་འགན་ལེན་ནུས་པ། སྤྱི་ཚོགས་ཀྱི་མཐུན་སྦྱོར་ནུས་པ། རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་བཅས་ཆེན་པོ་ལྡན་དགོས་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་རྒྱུ་ནི་རྙོག་འཛིང་ཆེ་བའི་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཅིག་ཡིན་པས། ང་ཚོས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དེར་དམ་པོར་གཞིགས་ཐོག ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུར་དམིགས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་དང་། མ་ལག་གི་ལྟ་བ་མཐའ་འཁྱོངས་དང་བེད་སྤྱོད་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་འདེགས་སྐྱོར་དང་དམངས་འཚོའི་དགོས་མཁོ་སྐོང་རྒྱུ་དང་། ཤེས་བྱ་སློབ་སྦྱོང་དང་ཁྱོན་ཡོངས་འཕེལ་རྒྱས་གཏོང་རྒྱུ། ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་རྒྱུ། ཚད་ལྡན་གོ་རིམ་ལྡན་པ་དང་གསོན་ཤུགས་འཕེལ་བར་བྱ་རྒྱུ། ཀྲུང་གོའི་ས་གཞི་ཆེན་མོར་གཞི་ཚུགས་པ་དང་རྒྱལ་སྤྱིའི་ཉམས་མྱོང་དཔྱད་གཞིར་འཛིན་རྒྱུ་སོགས་ཀྱི་འབྲེལ་བ་གལ་ཆེན་ཐག་གཅོད་ཡང་དག་བྱེད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། རྒྱུན་སྲིང་ལྷོད་མེད་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བླ་སྲོག་གཏོད་པ་དང་མི་སྣ་གསོ་སྐྱོང་བྱས་ཏེ། དུས་རབས་གསར་པའི་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་ལས་གྲྭ་ལག་བསྟར་བྱེད་དགོས། དུས་རབས་གསར་པའི་སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས། གཞོན་ནུ་ལོ་ཆུང་སློབ་མར་མར་ཁེ་སི་རིང་ལུགས་ཀྱི་དད་མོས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཡིད་ཆེས་བཅས་བརྟན་དུ་བཏང་ནས། རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ཕུགས་འདུན་བརྟན་པོ་འཛུགས་ཤིང་འགན་འཁྲི་འཁུར་ཕོད་པའི་འབད་འཐབ་པ་ཞིག་བྱ་དགོས་པའི་སློབ་གསོ་ཁྲིད་སྟོན་བྱ་དགོས་པ་དང་། དུས་རབས་གསར་པའི་འཕོ་འགྱུར་རླབས་པོ་ཆེའི་ལེགས་གྲུབ་ལྡན་པའི་དཔེ་མཚོན་སྤྱོད་རྒྱུར་སྣང་ཆེན་བྱེད་པ། གསར་བརྗེའི་ཐོན་ཁུངས་ཀྱི་མི་སྐྱོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་ཀྱིས་ལག་ལེན་ཁྲོད་ནས་མི་སྐྱོང་བ་དང་དྲ་ཐོག་ནས་མི་སྐྱོང་བའི་བར་སྟོང་དང་གཡུལ་ས་མུ་མཐུད་རྒྱ་སྐྱེད་གཏོང་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེར་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་གཅིག་གྱུར་འཆར་འགོད་ཀྱིས་ལག་ལེན་བསྟར་ཐོག སློབ་གསོ་འཕེལ་རྒྱས་དང་། ཚན་རྩལ་གསར་གཏོད། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ཚང་མར་སྐུལ་འདེད་གཏོང་དགོས་པ། ཚན་རྩལ་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་སྣེ་ཁྲིད་དུ་འཛིན་པ་དང་། གསར་སྐྲུན་བྱེད་ནུས་ཇེ་མཐོར་གཏོང་བར་དམིགས་པ། མཐོ་རིམ་སློབ་གསོའི་བཀོད་སྒྲིག་ལེགས་སྒྱུར་དང་། མཐོ་རིམ་སློབ་གྲྭའི་རིག་ཚན་བཀོད་སྒྲིག་ལེགས་སྒྲིག་ལམ་སྲོལ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་འཐུས་ཚང་དུ་གཏོང་བ། རྨང་གཞིའི་རིག་ཚན་དང་། གསར་དར་ཚན་ཁག སྣོལ་འདྲེས་རིག་ཚན་བཅས་འཛུགས་སྐྲུན་དང་ཤེས་ལྡན་མི་སྣ་རྩེ་གྲ་གསོ་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས། སློབ་གྲྭ་དང་ཁེ་ལས་ཀྱི་ཚན་ཞིབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཚན་རྩལ་གྲུབ་འབྲས་དེ་བས་མང་བ་གང་མགྱོགས་ཐོན་སྐྱེད་ནུས་ཤུགས་དངོས་ལ་འགྱུར་བ་བྱེད་དགོས། ལས་རིགས་སློབ་གསོ་མཉམ་འདྲེས་ཀྱི་ལས་རིགས་སློབ་གསོའི་མ་ལག་བཙུགས་ནས། རྒྱལ་ཁབ་ཆེན་པོའི་བཟོ་བོ་དང་། ལག་ཤེས་པ་ཕུལ་བྱུང་། རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་བཅས་གསོ་སྐྱོང་ཤུགས་ཆེན་བྱེད་དགོས་ཞེས་བསྟན་ཡོད།
ཞི་ཅིན་ཕིང་གིས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སློབ་གསོའི་སྤྱི་པའི་ཞབས་ཞུའི་ཀུན་ཕན་རང་བཞིན་དང་། སྤྱོད་འཐུས་རང་བཞིན། སྟབས་བདེའི་རང་བཞིན་བཅས་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། སློབ་གསོའི་བསྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་གཞུང་དྲང་གི་སྒོ་ནས་མི་དམངས་ཡོངས་ལ་ཕན་པ་ཐོབ་པ་བྱེད་དགོས། ས་ཁོངས་སློབ་གསོའི་ཐོན་ཁུངས་བགོ་སྒྲིག་ལེགས་སྒྱུར་དང་། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་དབར། ས་ཁོངས་དབར། སློབ་གྲྭའི་དབར། ཚོགས་པའི་དབར་བཅས་ཀྱི་ཧེ་བག་རིམ་བཞིན་ཆུང་དུ་གཏོང་དགོས། “གཉིས་འཕྲིའི”གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་སྟེ། སློབ་ཁྲིད་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། སློབ་ཚན་གྲོལ་རྗེས་ཀྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས་པ། རྒྱལ་ཁབ་ཀྱི་སློབ་གསོ་གྲངས་འཛིན་ཅན་དུ་འགྱུར་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཀྱིས་མི་དེ་བས་མང་བར་ཕན་པ་ཐོབ་པར་བྱེད་པ། ཚེ་གང་སློབ་སྦྱོང་བྱེད་པའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་དགེ་རྒན་སྟོབས་ཆེར་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ཏེ། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དགེ་རྒན་གསོ་སྐྱོང་དང་གསོ་སྦྱོང་གི་སྤུས་ཚད་མཐོ་རུ་བཏང་ནས། དུས་རབས་གསར་པའི་ཆུ་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་གསོ་སྐྱོང་བྱེད་དགོས། དགེ་རྒན་གྱི་ཆབ་སྲིད་གནས་བབ་དང་། སྤྱི་ཚོགས་གནས་བབ། ལས་རིགས་གནས་བབ་བཅས་ཇེ་མཐོར་གཏོང་བ་དང་། དགེ་རྒན་གྱི་ཐོབ་ཐང་འགན་སྲུང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། དགེ་རྒན་གྱི་ལས་རིགས་ལ་རྒྱ་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱས་ཏེ། དགེ་རྒན་ལ་བླ་ན་མེད་པའི་སྤྱི་ཚོགས་ཀྱི་སྙན་གྲགས་ལྡན་པ་དང་། དགེ་རྒན་གྱི་ལས་རིགས་འདི་ཉིད་སྤྱི་ཚོགས་ཐོག་ཆེས་བརྩི་བཀུར་ཐོབ་པའི་ལས་རིགས་ཀྱི་གྲས་སུ་འགྱུར་བ་བྱ་དགོས་ཞེས་བསྟན་ཡོད།
ཞི་ཅིན་ཕིང་གིས། སློབ་གསོ་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། “ནང་དུ་འདྲེན་པ”དང“ཕྱིར་བསྐྱོད་རྒྱུར”གཅིག་གྱུར་འཆར་འགོད་བྱས་ཏེ། རང་རྒྱལ་གྱི་སློབ་གསོའི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་དང་། འགྲན་རྩོད་ནུས་པ། སྐད་ཆ་ཤོད་དབང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྒྱལ་སྤྱིའི་རིག་གཞུང་སྤེལ་རེས་དང་སློབ་གསོའི་ཚན་ཞིབ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་སློབ་གསོ་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ཏེ། གོ་ལ་ཧྲིལ་པོའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་སྟོབས་ཤུགས་སྔར་ལས་མང་བ་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད།

ལི་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ཐོག་ནས། དུས་རབས་གསར་པའི་སློབ་གསོའི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་དེར་ཐོན་པའི་གནས་སྟངས་རང་བཞིན་གྱི་འགྱུར་ལྡོག་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་གནང་བ་དང་། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་གྱི་ཚན་རིག་དང་མཐུན་པའི་ནང་དོན་དང་གཞི་རྩའི་ཐབས་ལམ་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་འཆད་འགྲེལ་གནང་བ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་ཐག་གཅོད་ཡང་དག་བྱེད་དགོས་པའི་འབྲེལ་བ་གལ་ཆེན་ལ་རྒྱས་བཤད་གཏིང་ཟབ་གནང་བ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་ལས་འགན་དང་བྱེད་ཐབས་གལ་ཆེན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དེ་གཟིགས་རྒྱང་རིང་བ་དང་། དགོངས་པ་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡིན་པས། ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པ་དང་། དེ་ནི་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སློབ་གསོའི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས་སློབ་སྦྱོང་ནན་ཏན་བྱས་ནས་གོ་བ་ཡག་པོ་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས། བྱས་རྗེས་དངོས་འཇོག་པ་དང་། བྱ་ཐབས་དངོས་འདོན་པ། ཕན་འབྲས་དངོས་ཐོན་པ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་ཞིག་རྩོམ་དགོས་ཞེས་བསྟན་ཡོད།
ཏིང་ཞུའེ་ཞང་གིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཤུགས་ཆེར་གཏོང་བ། “བློ་སྤོབས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་མི་དམངས་ཀྱི་ངོ་བོ། འཐབ་ཇུས་ཀྱི་ངོ་བོ་བཅས་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་གོང་འཕེལ་གྱི་འགྲོ་ལམ་ཐོག་བསྐྱོད་དགོས། རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བླ་སྲོག་གཏོད་པ་དང་མི་སྣ་གསོ་སྐྱོང་བྱེད་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་གཞི་རྩའི་ལས་འགན་དོན་འཁྱོལ་བྱེད་པའི་འགག་རྩའི་སློབ་ཚན་ཡག་པོ་ཞིག་གཉེར་དགོས། སློབ་གསོ་དང་ཚན་རྩལ་ཤེས་ལྡན་མི་སྣ་གཞི་གཅིག་ཏུ་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བ་དང་། མཐོ་རིམ་སློབ་གྲྭའི་ཚན་རྩལ་གསར་གཏོད་ཀྱི་སྒྲིག་གཞི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རྩེར་སོན་གྱི་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་འདེགས་སྐྱོར་དང་སྣེ་ཁྲིད་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱ་དགོས། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྱོང་མགྱོགས་སུ་གཏོང་བ་དང་། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་སློབ་གསོའི་ཐད་ཀྱི་འཕྲལ་མཁོ་དང་། དཀའ་ངལ་ཡོད་པ། སེམས་ཁྲལ་ཆེ་བ། རེ་སྒུག་བྱེད་པ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། སློབ་ཁྲིད་དང་མི་སྣ་གསོ་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ། ཐོབ་ཐང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་རྨང་གཞི་གལ་ཆེན་བརྟན་པོར་འཛུགས་དགོས། སློབ་གསོའི་ཕྱོགས་བསྡུས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། ཆུ་ཚད་མཐོ་བའི་སློབ་གསོ་སྒོ་དབྱེ་བྱ་རྒྱུར་སྐུལ་འདེད་གཏོང་བ། སློབ་གསོ་སྤུས་ཚད་མཐོ་པོའི་ངང་གོང་འཕེལ་འགྲོ་རྒྱུར་ཕན་པའི་སྒྲིག་གཞི་ལམ་སྲོལ་ཡག་པོ་འཛུགས་པ་བཅས་བྱེད་དགོས། ས་ཁུལ་ཁག་དང་། སྡེ་ཚན་ཁག ལས་ཁུངས་ཁག་བཅས་ཀྱིས་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཚོགས་ཆེན་གྱི་དགོངས་དོན་མི་སེམས་སུ་ཟུག་པ་དང་ལས་དོན་བཀོད་སྒྲིག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།
ཚོགས་འདུའི་ཐོག ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ། སློབ་གསོ་པུའུ། ཚན་རྩལ་པུའུ། ལེའོ་ཉིང་ཞིང་ཆེན། ཧྲང་ཧའེ་གྲོང་ཁྱེར། ཧུའུ་པེ་ཞིང་ཆེན། ཀུའེ་ཀྲོའུ་ཞིང་ཆེན། ཀྲུང་གོ་གློག་རྡུལ་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སི། པེ་ཅིང་སློབ་ཆེན་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་ཡོད་པ་རེད།

ཚོགས་འདུ་མ་འཚོག་གོང་། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་དགེ་རྒན་དུས་ཆེན་ཨང་བཞི་བཅུ་པར་རྟེན་འབྲེལ་ཞུ་བའི་མཛད་སྒོ་དང་རྒྱལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་བྱེད་སྒོའི་ནང་ཞུགས་མཁན་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་། འཐུས་མི་ཚོར་སྤྲོ་སེམས་འཁོལ་བའི་ངང་ཕྱག་བཏང་གནང་བ་མ་ཟད། ཚང་མ་དང་མཉམ་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་གྱི་ཚོགས་འདུའི་རྣམ་པའི་ཐོག་ནས་སྐོང་འཚོགས་བྱས་ཡོད། ཀྲུང་དབྱང་སློབ་གསོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་། ཞིང་ལྗོངས་དང་གྲོང་ཁྱེར་ཁག་དང་། འཆར་གཞི་ལོགས་བཀོད་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་བཅས་ཀྱི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། འབྲེལ་ཡོད་མི་དམངས་ཚོགས་པ། དམག་དཔུང་གི་འབྲེལ་ཡོད་སྡེ་ཚན་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་ཁག་གཅིག་དང་མཐོ་སློབ་ཀྱི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།


ལྟ་སྐུལ་བ།ཧོར་རྒྱ་མཚོ།
རྩོམ་འགན་པ།དོན་འགྲུབ།
རྩོམ་སྒྲིག་པ་བློ་ཐུབ་བསྟན།


དཀར་མཛེས་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་།
གསར་འགྱུར།|རྩོམ་རིག
གཏམ་བཤད།|པར་དང་བརྙན་རིས།
