སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྲོལ་རྒྱུན་བཟོ་སྐྲུན་ལས་རིགས་ནི་དངོས་ཚན་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཁྲོམ་རའི་དགོས་མཁོ་ཁོང་དུ་ཆུད་པར་བྱེད་པ་དང་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ། སྲོལ་རྒྱུན་ཐོན་ལས་ལ་གསོན་ཤུགས་གསར་པ་རྒྱས་པར་བྱེད་དགོས་ཞེས་བསྟན་གནང་ཡོད། ས་ཁུལ་ཁག་དང་ཚན་པ་ཁག་གིས་རྩེར་སོན་ཅན་དང་རིག་ནུས་ཅན། སྦག་མེད་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཐོག ལག་རྩལ་གསར་པར་བརྟེན་ནས་སྲོལ་རྒྱུན་ཐོན་ལས་བརྗེ་སྒྱུར་རིམ་སྤོར་བྱེད་པ་དང་། སྲོལ་རྒྱུན་ཐོན་ལས་ཀྱི་སྒུལ་ནུས་གསར་པ་དང་གསོན་ཤུགས་གསར་པ་སྐྱེད་སྲིང་ནུས་ལྡན་བྱས་ཏེ། དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་སྔར་བས་བརྟན་དུ་དང་སྟོབས་ཆེར་གཏོང་བཞིན་ཡོད།
ལོ་གསར་པ་ཤར་ཚུན། ལིའོ་ཉིང་པིན་ཞི་ཡི་པིན་ཀང་ལྕགས་ལེབ་གྲང་བཙིར་སྤྱི་ཁྱབ་བཟོ་གྲྭའི་གྲང་བཙིར་བཟོ་གྲྭ་གསུམ་པའི་ཐོན་སྐྱེད་འཁོར་ཁང་དུ། མིག་སྔར་འཛམ་གླིང་ཐོག་ཁ་ཞེང་ཆེ་ཤོས་ཡིན་པའི་ཧའོ་སྨི་2280ཡི་གྲང་བཙིར་ཐོན་སྐྱེད་བརྒྱུད་རིམ་མགྱོགས་མྱུར་ངང་འཁོར་རྒྱུག་བྱེད་བཞིན་ཡོད། འདི་ག་ནས་ཐོན་སྐྱེད་བྱས་པའི་དངུལ་ཁང་གི་བྱང་བུའི་མཐུག་ཚད་ལས་མེད་པའི་ལྕགས་ལེབ་གཅིག་གིས་ལྗིད་ཚད་ཏུན་480ཡི་གནོན་ཤུགས་ཐེག་ཐུབ་ཀྱི་ཡོད་པ་དང་། དེ་ནི་འགྲུལ་པས་ཁེངས་པའི་མྱུར་བགྲོད་མེ་འཁོར་གྱི་འཁོར་ཁང་བརྒྱད་ཀྱི་སྤྱིའི་ལྗིད་ཚད་དང་གཅིག་མཚུངས་ཡིན།
པིན་ཀང་ལྕགས་ལེབ་གྲང་བཙིར་སྤྱི་ཁྱབ་བཟོ་གྲྭའི་གྲང་བཙིར་བཟོ་གྲྭ་གསུམ་པའི་ཐོན་སྐྱེད་ལས་སྒྲུབ་ཁུལ་གྱི་འགན་འཁུར་བ་ཀུའུ་ཀྲུང་ཧྲུའེ་ཡིས། ང་ཚོས་རྒྱུ་ཆ་ལེགས་སྒྱུར་དང་བཟོ་རྩལ་གསར་གཏོད་བྱས་པ་བརྒྱུད། ལྕགས་ལེབ་ཀྱི་མཁྲེགས་ཚད་དང་མཉེན་ཚད་གཉིས་དོ་སྙོམས་བྱུང་ཡོད། མིག་སྔར། ལྕགས་ལེབ་དེ་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་རྐུབ་སྟེགས་ཀྱི་འཕྲེད་གདུང་དང་གློག་རྫས་ཐུམ་སྒྲིལ་འཇོག་ས་སོགས་འགག་རྩའི་ལྷུ་ཚིགས་སུ་སྤྱོད་བཞིན་ཡོད་ཅེས་ངོ་སྤྲོད་བྱས་ཡོད།
2024ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། ས་གནས་ཁག་གིས་དོན་དངོས་ལ་གཞིགས་ནས། སྔོན་བཙུགས་རྗེས་གཏོར་དང་། ཡུལ་བབ་དང་བསྟུན་པ། རིགས་དབྱེའི་མཛུབ་ཁྲིད་བཅས་རྒྱུན་འཁྱོངས་བྱས་ཐོག ས་གནས་དེ་གའི་ཐོན་ཁུངས་ཀྱི་བཟང་ཆ་དང་ཐོན་ལས་ཀྱི་རྨང་གཞི། ཚན་ཞིབ་ཀྱི་ཆ་རྐྱེན་སོགས་གཞིར་བཟུང་། ཐོན་ལས་གསར་པ་དང་རྣམ་པ་གསར་པ། སྒུལ་ནུས་གསར་པ་བཅས་ཀྱི་འཕེལ་རྒྱས་ལ་གདམ་ག་ཡོད་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་པ་དང་། ལག་རྩལ་གསར་པར་བརྟེན་ནས་སྲོལ་རྒྱུན་ཐོན་ལས་བརྗེ་སྒྱུར་རིམ་སྤོར་བྱེད་དགོས་ཤིང་། ཐོན་ལས་རྩེར་སོན་ཅན་དང་རིག་ནུས་ཅན། སྦག་མེད་ཅན་བཅས་ཀྱི་ཕྱོགས་སུ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ལག་རྩལ་འགག་གཏོར་དང་། གྲངས་འཛིན་རིག་ནུས་ཀྱི་ནུས་སྤྲོད། སྦག་མེད་བརྗེ་སྒྱུར་བཅས་ལ་བརྟེན་ནས། སྲོལ་རྒྱུན་ཐོན་ལས་ཀྱི་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་གསོ་སྤེལ་དང་གོང་འཕེལ་གཏོང་བཞིན་ཡོད། ཟླ་1ཚེས་30ཉིན། ཧྲང་ཧའེ་ཁྲང་ཤིང་གླིང་ཕྲན་གྱི་ཧུའུ་ཏུང་ཀྲུང་ཧྭའི་གྲུ་ཁར། གོ་ལ་ཧྲིལ་པོའི་ཐོན་གསར་ཤོས་ཀྱི་འབར་རྒྱུ་གཉིས་ལྡན་གྱི་མྱུར་ཚད་དམའ་བའི་སྐུལ་འདེད་སྒུལ་ཤུགས་མ་ལག་སྤྱད་པའི་གཤེར་འགྱུར་རང་བྱུང་རླངས་(LNG)སྐྱེལ་འདྲེན་གྲུ་གཟིངས་ཆེ་གྲས་“ཐེན་ཧྲན་”གྲུ་གཟིངས་དངོས་སུ་རྩིས་སྤྲོད་བྱས་ཡོད། ཀྲུང་གོ་གྲུ་གཟིངས་ཚོགས་པའི་ཧུའུ་ཏུང་ཀྲུང་ཧྭ་གསར་སྤེལ་སུའོ་ཡི་སུའོ་ཀྲང་དབྱང་ཁྲུན་ཧྭ་ཡིས། ང་ཚོས་མཁོ་འདོན་བྱས་པའི་གྲུ་གཟིངས་དེ་རིགས་ལ་ནུས་པ་རྩེ་གྲ་ཡོད་པ་ཕུད། བཟོ་སྐྲུན་བརྒྱུད་རིམ་ཧྲིལ་པོའི་ནང་གྲངས་འཛིན་ཅན་གྱི་བཟོ་སྐྲུན་རྩིས་སྤྲོད་ལག་རྩལ་སྤྱད་ཡོད་པས། བཟོ་སྐྲུན་དུས་ཡུན་རིམ་བཞིན་ཐུང་དུ་ཕྱིན་ཡོད། LNGགྲུ་གཟིངས་དཔེར་བཞག་ན། ང་ཚོའི་བཟོ་སྐྲུན་དུས་ཡུན་དེ་དེ་སྔའི་ཟླ་21ནས་ད་ལྟའི་ཟླ་16ནས་17བར་ཐུང་དུ་ཕྱིན་ཡོད་པས། བཟོ་སྐྲུན་མ་གནས་སྔར་བས་དམའ་རུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་ཡོད།
མི་རིང་བའི་གོང་། ཀན་སུའུ་ལན་ཀྲོའུ་ཡི་རྫས་འགྱུར་རྡོ་སྣུམ་ནུས་རྒྱུའི་སྒྲིག་ཆས་བཟོ་སྐྲུན་ཁེ་ལས་ཤིག་གིས་རང་བདག་ཞིབ་བཟོ་བྱས་པའི་AIཡི་“བདེ་འཇགས་ཀླད་པ་”དེ་ཐོན་སྐྱེད་བརྒྱུད་རིམ་མང་པོ་ཞིག་ཏུ་བེད་སྤྱོད་གཏོང་འགོ་ཚུགས་ཡོད། “བདེ་འཇགས་ཀླད་པ་”དེ་དཔེ་དབྱིབས་ཆེན་པོས་ལྟེ་བའི་སྒུལ་བྱེད་འཕྲུལ་འཁོར་བྱས་ཏེ། གནས་ཚུལ་ལ་དབྱེ་ཞིབ་དང་མངོན་མེད་ཉེན་ཁ་དབྱེ་འབྱེད་སོགས་ཀྱི་རིག་ནུས་གཟུགས་མང་པོ་བཏོད་ཡོད་པས། བདེ་འཇགས་དོ་དམ་དེ་སྲོལ་རྒྱུན་གྱི་“མི་ཡིས་འགོག་སྲུང་བྱེད་པ་”ནས་AIཡི་“རིག་ནུས་སྲུང་སྐྱོབ”ལ་འགྱུར་བར་སྐུལ་འདེད་བཏང་ཡོད།
ཁེ་ལས་གཉེར་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་ལིའུ་ཡིང་གིས། AIཡི་“བདེ་འཇགས་ཀླད་པའི་”རམ་འདེགས་འོག མདུན་གྲལ་གྱི་ནུས་རྒྱུ་གསར་པའི་སྒྲིག་ཆས་འཁོར་སྐྱོད་མ་བྱས་གོང་གི་མངོན་མེད་ཉེན་ཁ་ཞིབ་བཤེར་བྱེད་པའི་དུས་ཡུན་དེ་འདས་ཟིན་པའི་ཟླ་2ནས་3བར་ནས་གཟའ་འཁོར་2བར་ཐུང་དུ་ཕྱིན་ཡོད་པ་དང་། མངོན་མེད་ཉེན་ཁའི་ཆ་འཕྲིན་ཡང་དེ་བས་ཆ་ཚང་བ་ཡོད། ཐོན་སྐྱེད་ལམ་ཐིག་གསར་པའི་མངོན་མེད་ཉེན་ཁ་ལེབ་བཤེར་བྱེད་ཐུབ་པ་ཕུད། “བདེ་འཇགས་ཀླད་པ་”དེ་ད་དུང་རྒྱུན་གཏན་གྱི་བདེ་འཇགས་དོ་དམ་ཐད་སྤྱོད་བཞིན་ཡོད་ཅེས་བརྗོད་ཡོད།
བཟོ་སྐྲུན་ལས་རིགས་ཀྱི་གྲངས་འཛིན་རིག་ནུས་ཅན་གྱི་བརྗེ་སྒྱུར་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་བསྟུན་ནས། རང་རྒྱལ་གྱིས་རིམ་རྩིས་བྱས་ན་རྨང་གཞིའི་རིམ་པའི་རིག་ནུས་བཟོ་གྲྭ་ཁྲི་3.5ལྷག་ཙམ་དང་། སྔོན་ཐོན་རིམ་པའི་རིག་ནུས་བཟོ་གྲྭ་8200ལྷག་ཙམ། ཁྱད་འཕགས་རིམ་པའི་རིག་ནུས་བཟོ་གྲྭ་500ལྷག་ཙམ་བཅས་བསྐྲུན་ཡོད།
སྲོལ་རྒྱུན་ཐོན་ལས་སྦག་མེད་ཅན་དུ་འགྱུར་བའི་ཆུ་ཚད་ཀྱང་སྔར་བས་མཐོ་རུ་ཕྱིན་ཡོད། 2025ལོར། རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་ཨར་ལས་རྒྱུ་ཆ་དང་ངར་ལྕགས། མདོག་ལྡན་ལྕགས་རིགས་སོགས་ནུས་ཚད་ཟད་གྲོན་ཆེ་བའི་ལས་རིགས་གཙོ་བོའི་ཚན་པའི་འཕར་ཐང་གི་ནུས་ཚད་ཟད་གྲོན་ཚང་མ་ལོ་གོང་མ་ལས་མངོན་གསལ་དོད་པོས་ཆག་ཡོད། ཧོ་ནན་ཕིང་ཏིང་ཧྲན་གྱི་ནུས་རྒྱུའི་རྫས་འགྱུར་བཟོ་ལས་ཁེ་ལས་ཤིག་ཏུ་རྡོ་སོལ་སྦག་མེད་སྔོག་འདོན་ཐུབ་པ་མ་ཟད། ད་དུང་རྩེར་སོན་བཟོ་སྐྲུན་གྱི་ལྟེ་བའི་རྒྱུ་ཆར་གྱུར་ཡོད།
ཁེ་ལས་ཀྱི་ཉི་ལུང་རྒྱུ་ཆ་གསར་པའི་ཐོན་ལས་ཞིབ་འཇུག་གླིང་གི་ཡོན་ཀྲང་གཞོན་པ་ལུའེ་ཝུན་ཅོན་གྱིས། རྡོ་སོལ་ནས་ཉི་ལུང་བར་དང་། དེ་ནས་མཁའ་འགྲུལ་རིམ་པའི་རྩེར་སོན་རྒྱུ་ཆའི་བར། ང་ཚོའི་རྡོ་སོལ་དེ་‘འབར་རྒྱུ་”ནས་‘རྒྱུ་ཆའི་”བར་ངོ་བོའི་འགྱུར་ལྡོག་བྱུང་ཡོད། གནས་བབ་ལ་འགྱུར་ལྡོག་དེ་རིགས་བྱུང་བ་དེས་སྲོལ་རྒྱུན་གྱི་ཐོན་ལས་ལ་གསོན་ཤུགས་གསར་པ་འཕེལ་བར་བྱས་ཡོད་ཅེས་བརྗོད་ཡོད།
དེ་དང་ཆབས་ཅིག གྲངས་འཛིན་དཔལ་འབྱོར་དང་སྲོལ་རྒྱུན་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱུང་བ་དང་། བཟོ་སྐྲུན་ལས་རིགས་དང་ཞབས་ཞུའི་ལས་རིགས་བར་ལས་རིགས་བརྒལ་ནས་མཐུན་སྦྱོར་བྱུང་སྟེ། སྲོལ་རྒྱུན་ཐོན་ལས་ལ་འཕར་སྣོན་གྱི་གསོན་ཤུགས་གསར་པ་རྒྱུན་ཆད་མེད་པར་བསྣན་ཡོད། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པར་སྔོན་དཔག་བྱས་ཚེ། སྲོལ་རྒྱུན་ཐོན་ལས་མུ་མཐུད་ལེགས་སྒྱུར་རིམ་སྤོར་བྱས་ནས། “གསར་པའི”ཕྱོགས་སུ་འཕེལ་རྒྱུ་རེད།
བཟོ་ལས་དང་ཆ་འཕྲིན་ཅན་པུའི་པུའུ་ཀྲང་གཞོན་པ་ཀྲང་ཡུན་མིང་གིས། བཟོ་ལས་ཅན་གསར་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྔོན་ཐོན་བཟོ་སྐྲུན་ལས་རིགས་རྐང་འཛིན་དུ་བྱས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་འཛུགས་པ། འཕར་སྣོན་བརྟན་པོ་དང་གསར་གཏོད་ཤུགས་ཆེ། མཉམ་འདྲེས་ལ་སྐུལ་འདེད། བཅོས་སྐྱོང་ལེགས་འགྱུར། ཉེན་ཁ་སྔོན་འགོག་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་འཛུགས་ཐུབ་རྒྱུར་འགན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
