༄༅།།ཕུལ་བྱུང་མདོ་འཛིན་པ་བློ་ཐུབ་བསྟན་དང་དཔེ་ཀློག་གི་ཉིན་མོ།
1555990295

  

    ཁོ་བོའི་མིང་ལ་བློ་ཐུབ་བསྟན་དང་པིར་མིང་ལ་གངས་ཅན་པ་ཞེས་ཟེར་ལ། གླུ་གར་གཞས་གསུམ་དང་། མདོ་འཛིན་དང་དཔེ་ཀློག་དག་ལ་དགའ་བོར་ཡོད། ཁོ་བོ་ནི་གངས་ལྗོངས་གཡང་གི་ར་བའི་ཁོངས་གཏོགས་མདོ་སྟོད་མི་ཡི་ཆོ་གའི་ནང་ཚན་གྱི་ཏྲེ་ཧོར་དཀར་མཛེས་ཡུལ་ཕྱོགས་ཏེ་རྫ་ཁོག་གཡང་སྡེ་ཕྱུག་མོ་ནས་མཚར་ལོངས་བྱུང་ལ།སྔོན་རྗེས་སུ་དཀར་མཛེས་བོད་ཡིག་སློབ་འབྲིང་དང་།སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ ལྷོ་ནུབ་མི་རིགས་སློབ་ཆེན་བཅས་ལས་སློབ་མཐར་ཕྱིན།ད་ལྟར་དཀར་མཛེས་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་དུ་རྒྱང་སྒྲོག་གི་ལས་ཀ་གཉེར་བཞིན་ཡོད། 

༅།།མ་ཡུམ་གངས་ལྗོངས།

མ་ཡུམ་གངས་ལྗོངས། ཁྱོད་ནི་ངའི་ཆེས་ཐོག་མའི་ངུ་སྐད་ཀྱི་དབྱངས་རྟ་འཐོར་ས་ཡིན་ལ། ངའི་ཆེས་མཐའ་མའི་ཚེ་སྲོག་གི་རུས་རྐང་འཐིམ་སའང་ཡིན་ཕྱིར། ང་རང་ཁྱོད་ལ་དགའ་ཞིང་ཁྱོད་ལ་དུངས།
མ་ཡུམ་གངས་ལྗོངས། བདག་ནི་སུ་ཞིག་གི་གཅེས་ཕྲུག་ནང་བཞིན། ཁྱོད་ཀྱི་བྲང་གཞུང་ལ་མགོ་བོ་བསྙེས་ནས་མཁའ་དབྱིངས་ན་རྒྱུ་བའི་སྤྲིན་དཀར་གྱི་འདབ་མར་ལྟ་སྙིང་འདོད་ལ། འབྱམས་ཀླས་པའི་རྩྭ་ཐང་གི་ཕང་བ་རུ་གན་རྐྱལ་དུ་ཉལ་ནས་འདས་སོང་གི་བཤུལ་ལམ་ལ་ཕྱིར་དྲན་ཞིག་ཅིས་ཀྱང་བགྱིད་ན་འདོད།

བེའུ་ཆུང་གི་རྔ་མར་འཇུས་ནས་རྩེད་འཇོར་གཡེང་བའི་བྱིས་དུས་ཀྱི་འཚོ་བ་ནས་ཀ་མད་སུམ་ཅུའི་ཀློག་སྦྱོར་ལ་བྲེལ་བའི་ནར་སོན་གྱི་ལོ་ཟླ་འདི་དག་གི་རིང་ལ། བདག་གི་ཁྲ་ཆུང་མིག་ལམ་ནས་ཡལ་མ་མྱོང་བ་ནི་ཡུམ་ཆེན་ལྟ་བུའི་གངས་ལྗོངས་ཁྱོད་ཡིན་ལ། བདག་གི་ཡ་ཆུང་སེམས་ཁོང་ནས་འདོར་མ་མྱོང་བའང་ཡབ་ཆེན་ལྟ་བུའི་ཕ་ཡུལ་ཁྱོད་ཡིན།
མ་ཡུམ་གངས་ལྗོངས། འདས་སོང་གི་ལོ་ཟླ་དེ་དག་གཙང་བོའི་རླབས་རིས་བཞིན་རྒྱུས་མེད་དུ་ཡལ་ན་ཡང་། དབུས་གཙང་རུ་བཞིའི་ཕང་བ་རུ་རྔམ་ཟིལ་གྱིས་བརྗིད་པའི་གངས་དཀར་ཏི་སེ་དང་སྔོ་ལྟེམ་མེར་འཁྱིལ་བའི་ཡར་འབྲོག་གཡུ་མཚོ། གཞན་ཡང་མདོ་སྨད་ས་ཡི་ཐིག་ལེ་ན་བརྟན་བརླིང་གིས་འགྱིང་བའི་རྨ་རྒྱལ་སྦོམ་ར་དང་མཐིང་མདོག་གིས་འཁྱིལ་བའི་ཁྲི་གཤོག་རྒྱལ་མོ། ད་དུང་འབྱུང་ས་བོད་ཡུལ་ཡིན་ཡང་བཞུར་ས་གཞན་ཡུལ་ཡིན་པའི་རྨ་འབྲི་རྫ་གསུམ་མཐོང་ཐེངས་རེ་རེར། ང་ཚོ་དང་རྒྱང་དུ་གྱེས་ཟིན་པའི་བཙན་པོ་རིམ་བྱུང་གི་འགྲན་མེད་ཀྱི་དཔའ་སྤོབས་རྟོགས་བྱུང་། བླ་མེད་ཀྱི་ཕྱག་རྗེས་དྲན་བྱུང་། དྲན་བྱུང་བས་བདག་གི་ཉམ་ཆུང་བའི་སྨྱུག་རྩེ་ཕྲ་མོ་འདི་ཡང་ཁོང་ཚོའི་མཛད་རྗེས་ཀྱི་སྟེང་ལ་མི་བསྐོར་རང་འཁོར་རེད།
དེ་ལོས་ཡིན། བདག་ཀྱང་རི་མཐོ་ས་གཙང་གི་ཕ་ཡུལ་ནས་འཚར་ལོངས་བྱུང་ཞིང་། ཡབ་མེས་ཀྱི་གཏམ་རྒྱུད་དང་བསྡོངས་ཏེ་ནར་སོན་པའི་མི་བུ་ཞིག་ཡིན་པས། བདག་གིས་ཆེས་གླེང་བར་སྤྲོ་བ་ནི་མ་ཡུམ་གངས་ལྗོངས་ཀྱི་སྔོན་བྱུང་གཏམ་རྒྱུད་དེ་ཡིན་ལ། སྒོས་སུ་བསྟོད་པར་འདོད་པའང་ཡབ་མེས་རྣམས་ཀྱི་མཛད་རྗེས་དེ་དག་ཡིན།
ཕོ་བྲང་པོ་ཏཱ་ལ། ཁྱོད་ནི་བཅུ་ཕྲག་རིག་གནས་ཀྱི་བང་མཛོད་ཡིན་པར་བཤད། ཁྱོད་ནི་བཙན་པོ་རིམ་བྱོན་གྱི་བླ་མཁར་ཡིན་པར་སྐད། ཁྱོད་ནི་བོད་མི་ས་ཡ་དྲུག་གི་སེམས་རྟེན་ཡིན་པར་གྲགས། ངོ་མ། ཁྱོད་ཀྱི་གཏམ་རྒྱུད་དེས་ཡར་ཀླུང་གཙང་པོའི་འགྲམ་ངོགས་བརྟོལ་ཏེ་ཧི་མ་ལ་ཡའི་གངས་རྩེ་བརྒྱུད་ནས་འཛམ་གླིང་གོ་ལ་ཟླུམ་པོའི་ཡང་རྩེ་རུ་གྲགས་སྙན་གྱི་བ་དན་གཡོ་ཞིང་། རྨ་འབྲི་རྫ་གསུམ་གྱི་བཞུར་རྒྱུན་དང་འགྲོགས་ཏེ། ལོག་སྤྱོད་རླུང་འཚུབ་ཀྱིས་བསུབ་མ་ནུས་ཤིང་། དུས་ངན་དྲག་ཆར་གྱིས་འཇིག་མ་ཐུབ་པར་ང་ཚོའི་མཐོང་ལམ་དུ་ད་ལྟའང་ད་དུང་སྣང་བ་ནི་ང་ཚོའི་ཡབ་མེས་རྣམས་ཀྱི་བློ་གྲོས་ཀྱི་ཐབས་རྩལ་དང་ཤ་ཟད་རུས་ཐུག་གི་རྩོལ་བ་ལས་བྱུང་བའི་དན་རྟགས་ཤིག་ཏུ་ཅི་ལ་མི་བགྲང་ཨང་།།
མཐིང་སྨུག་སྦྲ་ནག ཁྱོད་ནི་བྲེ་སར་འབྲོང་གི་ཐོང་རྩིད་ལས་བྱུང་བར་བཤད། ཁྱོད་ནི་ཡབ་མེས་རྣམས་ཀྱི་བློ་གྲོས་ཀྱིས་བསྐྲུན་པར་སྐད། ཁྱོད་ནི་མགོ་ནག་བོད་པའི་གཞིས་ཁྱིམ་ཡིན་པར་གྲགས། ཁྱོད་ཀྱི་ཕུག་ཆོན་རྒྱ་གར་ཡུལ་ལ་བརྐྱངས་ཤིང་། ཁྱོད་ཀྱི་སྒོ་ཆོན་རྒྱ་ནག་ཡུལ་ལ་བསྲིངས་པས། རི་སྨུག་པ་ཅན་དེ་འུ་ཚང་གི་རྒྱབ་རི་ཡིན་ལ། སྤང་མེ་ཏོག་ཅན་དེ་འུ་ཚང་གི་མདུན་ལྗོངས་ཡིན། རྟ་ནོར་ལུག་གསུམ་འུ་ཚང་གི་གཡང་ཟོག་ཡིན་ལ། ཁྱི་དོམ་ནག་ནི་འུ་ཚང་གི་སྒོ་སྲུང་ཡིན། འདི་ནི་ཡབ་མེས་དག་གིས་ང་ཚོ་ལ་བསྐྱུར་བའི་བདེན་དོན་གྱི་དཔང་རྟགས་ཡིན་ལ། འདི་ནི་ཕྱི་རབས་རྣམས་ཀྱི་སེམས་ཁོང་དུ་བསྙལ་བའི་ཡབ་མེས་ཀྱི་ཕྱག་རྗེས་ཀྱང་ཡིན།
མ་ཡུམ་གངས་ལྗོངས། གངས་སེང་དཀར་མོའི་གཡུ་རལ་ངོམ་སའི་གངས་དཀར་མཐོན་པོ་ཁྱོད་ལ་གདའ། དམར་ཡག་སྟག་གི་མཆོངས་རྩལ་ངོམ་སའི་ཚང་ཚིང་ནགས་ཀླུང་ཁྱོད་ལ་མངའ། བྲེ་སེར་འབྲོང་གི་རྭ་རྩལ་ངོམ་སའི་རྫ་རི་སྨུག་པོ་ཁྱོད་ལ་ལྡན། ཤ་རྐྱང་དགོ་སོགས་རི་དྭགས་ཞོགས་སའི་སྤང་ལྗོངས་སྔོན་མོ་ཁྱོད་ལ་ཡོད། རྟ་ནོར་ལུག་གསུམ་སྒོ་ཕྱུགས་འཚོ་སའི་འབྱམས་ཀླས་རྩྭ་ཐང་ཁྱོད་ལ་གནས་པས། ཁྱོད་ནི་སྐྱེ་འགྲོ་ཡོངས་ཀྱི་མིག་གི་དགའ་སྟོན་དང་སེམས་ཀྱི་ལོངས་སྤྱོད་ཡིན་ལ། མཐོ་རིས་ཡུལ་ལ་འཁུ་བའི་མཛེས་སྡུག་གི་ཞིང་ཁམས་ཤིག་ཀྱང་ཡིན།
མ་ཡུམ་གངས་ལྗོངས། ཇོ་མོ་བླ་རིས་སྔར་བཞིན་ཁྱོད་ཀྱི་གཟི་བརྗིད་བཏེགས་ཏེ་སྲིད་གསུམ་གྱི་ཡང་རྩེ་རུ་མངོན་པར་བསྟོད་ཀྱིན་ཡོད་ལ། ཡར་ཀླུང་གཙང་པོས་སྔར་བཞིན་ཁྱོད་ཀྱི་མངའ་ཐང་ཁྱེར་ནས་འཛམ་གླིང་གི་སྤྱི་གཙུག་ཏུ་སིམ་གྱིན་ཡོད། ད་དུང་ཁྲི་གཤོག་རྒྱལ་མོས་ཁྱོད་ཀྱི་མཚན་སྙན་བསྣམས་ནས་ངས་ལྗོངས་ཀྱི་བརྒལ་གཞུང་ན་རླབས་དཀར་ཀྱི་ཟེགས་མ་མཁའ་རུ་འཕྱོ་བཞིན།ཁྱེད་ཀྱི་མཛེས་སྡུག་ལ་མཆོད་བསྟོད་བྱེད་ཀྱིན་ཡོད།མ་ཡུམ་གངས་ལྗོངས།འདི་ནི་ངས་ཁྱེད་ལ་སེམས་ཁོངས་ནས་བསྟོད་པའི་ལྷད་མེད་ཀྱི་གླུ་གཞས་དེ་ཡིན་ལ།འདི་ནི་ངས་སེམས་ཁོང་ནས་ཁྱེད་ལ་ཕུལ་བའི་དྲི་མེད་ཀྱི་ལྷ་དར་དཀར་པོ་དེ་ཡིན།

དྲ་གྲོགས་དཔྱད་བརྗོད།
དྲ་གྲོགས་ཀྱིས་དཔྱད་བརྗོད་དེ་རང་གི་ལྟ་བ་ཡིན་པ་ལས་ངེད་ལས་ཁུངས་ཀྱི་ལྟ་ཚུལ་མིན།
1
དཔྱད་བརྗོད།(0)
ཉར་ཚགས།
ནང་དོན་གསར་པ།
འབྲེལ་ཡོད་ངོ་སྤྲོད།
ཕར་བརྗེ།