མདོ་འཛིན་པ་ཡེ་ཤེས་རྒྱལ་མཚན་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གསེར་རྟ་རྫོང་གི་འབྲོག་ཁྱིམ་ཞིག་ནས་སྐྱེས་ཤིང། ཁོ་ལ་སྙན་སྒྲོན་གྱི་སྨྲ་ལྕེ་བདེ་ལ་སྙན་ངག་གི་སྨྱུག་རྩལ་ལྡན་པས་སློབ་གྲྭ་ཆུང་འབྲིང་གི་སློབ་རའི་རྒྱང་སྒྲོག་ཁང་གི་རྩོམ་སྒྲིག་པ་དང་མདོ་འཛིན་པ་བྱས་པར་མ་ཟད་སྔ་རྗེས་སུ་ཞིང་ཆེན་དང་ཁུལ་རིམ་པའི་མདོ་འཛིན་པའི་མཚན་སྙན་གཟེངས་རྟགས་ཐོབ། ༢༠༡༢ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན་པ་དང་། ད་ལྟའི་བར་སློབ་གླིང་སོ་སོ་དང་སྤྱི་ཚོགས་ལས་རིགས་ཁག་ནས་མདོ་འཛིན་དང་གྱེར་འདོན་འགྲན་བསྡུར་སོགས་ལ་ཞུགས་ཏེ་བྱ་དགའ་མང་པོ་ཐོབ་མྱོང་ལ། རྒྱ་ཆེའི་དམངས་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གི་དགའ་བསུ་ཚད་མེད་ཐོབ་དང་འཐོབ་བཞིན་ཡོད། གཞན་ཡང་རིག་རྩལ་སྤྲོ་ཚོགས་དང་རང་མོས་གླེང་སྟེགས་སོགས་བྱ་འགུལ་རབ་དང་རིམ་པའི་མདོ་འཛིན་པ་བྱོས་མྱོང། ད་སྐབས་དཀར་མཛེས་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་སུ་ལས་བགོས་བྱས་ཏེ། ད་ལྟའི་བར་ལེ་ཚན་མདོ་འཛིན་པ་དང་གསར་འགོད་པ། རྩོམ་སྒྲིག་པ་བཅས་ཀྱི་བྱ་བ་གཅིག་ལྕོགས་སུ་གཉེར།
益西降村,出生于色达金马草原,2012年毕业于四川省藏文学校藏语言文学系(藏汉翻译),是一个从小拥有主持梦和热爱藏文化的人,先后担任甘孜州广播电视台《藏语新闻》主播;担当《艺术天地》栏目策划和主持工作。他策划和主持的《艺术天地栏目》先后在第十三次和十四次全国藏语广播电视文艺节目交换暨第十九届全国藏语广播电视优秀节目评析会上获得过主持一等奖.
༄༅།།གངས་ཀྱི་ཡ་ཁོག་ཏུ་གྱེར་བའི་དབྱངས་རྟ།
གནམ་གྱི་ཀ་བ་རུ་འགྱིང་བའི་གངས་དཀར་རི་བོ།
ལོ་རྒྱུས་ཀྱི་གླེགས་བམ་བརྩེགས་པའི་མི་ཉག་རབ་སྒང་།
སྡེ་ཚོ་ཆེན་ཞིག་ཁྱེད་ཀྱི་ཉེ་དྲུང་དུ་འདུས་ཤིང་ཁྱེད་ལ་མཆོད་བསྟོད་བྱེད་བཞིན་ཡོད།
འདི་ནི་གདོད་མའི་མི་ཚོགས་ཤིག་གི་སེམས་ཀྱི་གསོལ་སྨོན་ཡིན་ལ།
བུ་རབས་ཚ་རྒྱུད་དག་གིས་མ་འོངས་པའི་རེ་བཅོལ་ཡང་ཡིན།
གནམ་སའི་འདྲེས་མཚམས་སུ་ག་ལེར་བལྟས་ན།
མཚམས་སྤྲིན་གོས་སུ་བཀླུབས་པའི་གཞོན་ནུ་མ་ཞིག་གིས།
གར་གྱི་སྟངས་སྟབས་ངོམ་ནས་ཕེབས་ཡོང་།
དེ་ནི་མཛའ་གཞས་སྙན་མོའི་གདངས་དབྱངས་ལ་འགྲོགས་པའི་མཁའ་འགྲོ་མ་གང་གིས་སྒེག་ཉམས་ངོམ་པ་ཡིན་ནམ།
ས་ཆེན་གྱི་ཕང་བ་རུ་གླུ་གར་གྱི་རྒྱ་མཚོ་བསྐྱིལ་བའི་མི་རིགས་ཤིག
ཡང་གླིང་ཤར་རྒྱུད་ཀྱི་རྩྭ་ཐང་ཆེན་མོར་དགའ་སྐྱིད་དགོད་སྒྲས་ཁེངས།
འདི་ནི་བཙན་པོའི་རིགས་རྒྱུད་དུ་སྐྱེས་པའི་རུ་དཔུང་ཞིག་གི་ཚང་ཚོའི་འཕྱོར་སྒེག་ཡིན།
འདི་ནི་གོ་ལའི་ཡང་རྩེ་རུ་གནས་པའི་མི་ཚོགས་ཤིག་གི་མདུན་བསྐྱོད་ཀྱི་གོམ་སྒྲ་ཡིན།
དེ་བས་ཀྱང་།
འདི་ནི་གངས་རིའི་སྤྱན་ཆབ་ལས་གསོ་པའི་འདབ་བརྒྱད་མེ་ཏོག་པད་མའི་མཛེས་སྡུག་ཡིན།
ཆོས་དུང་གི་སྒྲ་དབྱངས་སྙན་མོས་གནའ་བོའི་རྨི་ལམ་གྱི་སྒོ་གླེགས་རྡུང་དུས།
རླུང་རྟའི་ཁ་དོག་དང་རི་མོའང་གསལ་ལ་མི་གསལ་བའི་ངང་བསིལ་མོའི་རླུང་གིས་རེག་དུས།
ཁ་བའི་མེ་ཏོག་འཐོར་བ་ནི་ལྷ་དབང་བརྒྱ་བྱིན་གྱིས་གནང་བའི་དངོས་གྲུབ་སིལ་མ་དེ་ཡིན་ན།
ཆུ་བོའི་རླབས་རྩེ་ན་མཆེད་པའི་ཟེགས་མའི་མེ་ཏོག་རེ་རེ་ནི།
མི་ཡུལ་གྱི་ཆེས་དྭངས་གཙང་གི་མཆོད་རྫས་སྟེ་ལྷ་ཡི་སྐྱེད་ཚལ་སུ་ཕུལ་བའི་མི་ཡི་མཆོད་པ་ཡིན།
གདན་ཐོག་རི་བོའི་བརྗིད་ཉམས་དེ་བསམ་ན།
ང་ཚོས་རྒྱང་རིང་རྒྱང་རིང་ནས་མཛའ་གཞས་དབྱངས་སུ་འགུགས་བཞིན་མཉམ་དུ་འདུས།
རྗེ་བཙུན་སྒྲོལ་མའི་བྱིན་རླབས་ཀྱི་བདུད་རྩི་ཕབ་ནས།
རྒྱུན་དྭངས་ཆུ་མིག་གི་ངད་ཁ་ཕྱོགས་སུ་འཐིལ་ཅིང་།
སྐྱེ་འགྲོ་དུ་མའི་ཡུན་རིང་གི་སྐོམ་གདུང་ཡོངས་སུ་སེལ་བར་བྱེད།
གེ་སར་རྒྱལ་པའི་དཔར་ངར་དང་སྟོབས་ཤུགས། རྫུ་འཕྲུལ་དང་ནུས་རྩལ་བསམ་ན།
ང་ཚོ་ནི་སྔར་བ་ལས་ཀྱང་སེམས་སྟོབས་དང་སྤོབས་པས་ཁེངས་ཏེ་མདུན་དུ་ཆས་དགོས། སེང་ལྕམ་འབྲོག་མོའི་བཅོས་གདོང་གི་མཛེས་སྡུག་དེ་བསམ་ན།
འུ་ཅག་ནི་དེ་བས་ཀྱང་ཡིད་ཆེས་དང་རེ་བས་ཁེངས་དེ་སྔོན་དུ་བསྐྱོད་དགོས།
ང་ཚོ་ནི་གེ་སར་རྒྱལ་པའི་རྗེས་རབས་པ་སྟེ། གླིང་དཀར་སྟོད་ཀྱི་ཤུལ་འཛིན་པ་ཡིན།
རེད་ཡ། ལོ་རྒྱུས་ཀྱི་མེ་ལོང་ལས་གསལ་བ་ནི་ཕ་མེས་ཀྱི་ངོ་གདོང་ནི་ཇི་འདྲའི་དམར་འོད་ལྡན་པ་ཞིག་རེད།
གངས་རི་དང་གཙང་བོའི་གྲུབ་ཚུལ་ནི་ཇི་འདྲའི་ངོ་མཚར་ལྡན་པ་ཞིག་རེད།
རེད། རི་མཐོ་ས་གཙང་གི་ཁ་བ་ཅན་ནི། དེ་འདྲའི་ངོ་མཚར་རྨད་དུ་བྱུང་བའི་རིག་གཞུང་གི་ཕྱུག་ཅིང་། དེ་འདྲའི་ཡིད་དབང་འགུག་པའི་གནའ་བོའི་གཏམ་རྒྱུད་ཀྱིས་ཕྱུག་པ་ཞིག་རེད།
གངས་ཆུ་ལྷུང་ལྷུང་དུ་བཞུར་བའི་སྒྲ་ནི་རིག་འཛིན་ཚངས་དབྱངས་རྒྱ་མཚོའི་མགུར་དབྱངས་གྱེར་བ་དང་འདྲ་ལ།
ཆར་བ་ཤག་ཤག་ཏུ་བབས་པ་ནི་གནམ་གྱི་བདག་མོས་མི་ཡུལ་ལ་གནང་བའི་བདུད་རྩི་སིལ་མ་དེ་ཡིན་སྲིད།
ང་ཚོས་གོ་ལའི་སྤྱི་གཙུག་ནས་སྙན་པའི་མཛའ་གཞས་གྱེར་བཞིན།
མི་རབས་ནས་མི་རབས་སུ་འགྱུར་བ་མེད་པའི་ལོ་རྒྱུས་ཀྱི་དབྱངས་་རྟ་འདི་གྱེར་བར་བྱེད།