{ཁ་བརྡའི་དུས་ཚོད།}རིམས་ནད་འགོག་སྲུང་སྐོར།
1662606171
   

གསན་མཁན་གྲོགས་པོ་རྣམ་པ་སྐུ་ཁམས་བཟང་།དེ་རིང་གི་ཁ་བརྡའི་དུས་ཚོད་ནང་ཁྱེད་རྣམ་པར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཐད་ཀྱི་ཤེས་བྱ་ཕྲན་བུ་བཤད་རྒྱུ་ཡིན།རིམས་ནད་སྔོན་འགོག་ཐད་ཀྱི་ཤེས་བྱ་དེས་ཁྱེད་རྣམ་པར་ཕན་ཐོགས་ཅུང་ཙམ་ཡོད་པའི་རེ་བ་ཡོད།ཏོག་གསར་གློ་ཚད་ནད་དུག་དེས་མིའི་རིགས་  ཀྱི་འཚོ་བར་གནོད་སྐྱེལ་བྱས་བཞིན་ཡོད།ཡིན་ནའང་ང་ཚོས་ཚན་རིག་ལྟར་ནད་དུག་དེ་སྔོན་འགོག་ལེགས་པོ་བྱས་ན།ཡུན་རིང་མི་དགོས་པར་ནད་དུག་ལས་རྒྱལ་ཁ་ཐོབ་ཐུབ་ངེས་ཡིན།

  རང་རྒྱལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྤྱིའི་ཐབས་ཇུས་དང་སྤྱིའི་བྱེད་ཕྱོགས།རྩ་དོན་བཅས་ཅི་ཡིན།

  ལན།"ཕྱི་ནས་ནང་དུ་འགོས་པ་སྔོན་འགོག་དང་ནང་ནས་བསྐྱར་ལོག་བྱུང་བ་སྔོན་འགོག"བྱེད་པའི་སྤྱིའི་ཐབས་ཇུས་དང"འགུལ་རྣམ་གཙང་མ"གཏོང་བའི་སྤྱིའི་བྱེད་ཕྱོགས། "སྔོན་འགོག་གཙོ་བོར་བྱེད་པ་དང་འགོག་བཅོས་ཟུང་འབྲེལ་བྱེད་པ།ཁྲིམས་ལྟར་ཚན་རིག་དང་མཐུན་པ།རིམ་བགོས་རིགས་དབྱེ"བཅས་ཀྱི་རྩ་དོན་ལག་བསྟར་དོན་འཁྱོལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།རྒྱུན་རྣམ་ཅན་གྱི་གནད་འཁེལ་རིམས་ འགོག་དང་ཚོད་འཛིན་དང་ཆ་ཤས་འཕྲལ་བསྟུན་ཐག་གཅོད་ཟུང་འབྲེལ་བྱེད་པ་  དེའོ།།

   རང་རྒྱལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་བའི་བླང་བྱ་ནི་ཅི་ཞིག་ཡིན།

 ལན། "དུས་ཐོག་ཤེས་རྟོགས་དང་མགྱོགས་མྱུར་ཐག་གཅོད།གནད་འཁེལ་དོ་དམ་དང་ཚོད་འཛིན།འབྲས་ཡོད་ཀྱིས་སྨན་བཅོས"བཅས་ཀྱི་བྱ་བའི་བླང་བྱ་གཞིར་བཟུང་ནས། ས་ཁོངས་ཕྱི་རོལ་གྱི་རིམས་ནད་འགོས་པ་དང་ས་ཁོངས་གཏོགས་ནང་ཁུལ་གྱི་རིམས་ནད་བསྐྱར་ལོག་བྱུང་བ་མཐའ་གཅིག་ཏུ་སྔོན་འགོག་བྱེད་པ་རྒྱུན་འཁྱོངས་བྱེད་རྒྱུ་དེའོ།

རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི"སྔ་མོ་ལྔ"ནི་ཅི་ཞིག་ཡིན།

  ལན། སྔ་མོ་ནས་སྔོན་འགོག་བྱེད་པ་དང་།སྔ་མོ་ནས་ཤེས་རྟོགས་བྱེད་པ།སྔ་མོ་ནས་ཡར་ཞུ་བྱེད་པ།སྔ་མོ་ནས་ལོགས་བཀར་བྱེད་པ།སྔ་མོ་ནས་སྨན་བཅོས་བྱེད་པ་བཅས་སོ།

ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོས་ཁུངས་ནི་ཅི་ཞིག་ཡིན།

  ལན། འགོས་ཁུངས་གཙོ་བོ་ནི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་དང་ནད་རྟགས་མི་མངོན་པའི་ནད་པ་ཡིན་ལ།མི་ཚོགས་ཡོངས་ཁྱབ་ཏུ་འགོ་སླ་བ་ཞིག་ཡིན།

༄༅།།ཏོག་གསར་གློ་ཚད་འགོག་སྲུང་ཤེས་བྱ།༡

ནད་ཡམས་མཆེད་པའི་ས་ཆར་འགྲུལ་བཞུད་དང་ཞག་སྡོད་བྱས་པའི་མི་ཡིས་ཇི་ལྟར་བྱེད་དགོས།

1)དུས་ཐོག་ཏུ་སྡེ་བའི་ཀྲི་པུའུ་དང་གཞིས་ཁུལ་དུ་ཐོ་འགོད་བྱས་ཏེ། ཕྱི་ལ་མི་འགྲོ་བ་དང་། ལྷག་པར་དུ་མི་མང་ཚོགས་སར་འགྲོ་མི་རུང་།

2)ནད་ཡམས་མཆེད་པའི་ས་ཆར་བྲལ་བ་ནས་བསྟུད་མར་ཉིན14ལ་རང་གི་བདེ་ཐང་གི་གནས་ཚུལ་ལ་བརྟགས་ཏེ།ཉིན་རེར་ཐེངས་གཉིས་ལ་བརྟག་དཔྱད་བྱེད་དགོས་པ་དང་།ཆ་རྐྱེན་ཡོད་ན་མཁའ་རླུང་རྒྱུ་བའི་ཁང་པ་གྱན་གཅིག་གི་ནང་དུ་འདུག་དགོས་ལ།ཅི་ནུས་ཀྱིས་ཁྱིམ་མི་དང་འབྲེལ་འདྲིས་ཇེ་ཉུང་དུ་གཏོང་དགོས།

3)ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ནད་རྟགས(ཚ་རྒྱག་པ་དང་གློ་ལུ་བ།མིད་པ་ན་བ།དབུགས་འཚང་བ།འབྱིན་རྔུབ་དཀའ་བ།དང་ག་ལོག་པ།ལུས་ཐང་ཆད་པ།ལུས་སེམས་ཉོབ་པ།སྐྱུག་མེར་ལངས་བ་དང་སྐྱུག་པ།ཁོག་པ་བཤལ་བ།མགོ་བོ་ན་བ།སེམས་འཚབ་པ་སོགས)ན་དུས་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།

སྨན་བཅོས་བྱེད་སྐབས་བྱེ་བྲག་གི་བྱེད་ཐབས་ནི་གཤམ་གསལ་ལྟར།

1)སྨན་ཁང་དུ་འགྲོ་སྐབས་ནད་པས་སྨན་སྤྱོད་ཕྱི་ཚན་ཁ་ཐུམ་དང་།ཡང་ན N95ཅན་གྱི་ཁ་ཐུམ་རྒྱག་དགོས།

2)རབ་ཡིན་ན་སྤྱི་སྤྱོད་རླངས་འཁོར་སོགས་ལ་མ་བསྡད་ན་ལེགས་པ་དང་།སྡོད་དགོས་བྱུང་ན་རླངས་འཁོར་གྱི་སྒེའུ་ཁུང་འབྱེད་དགོས།

3 )ཁ་ཐུམ་རྒྱག་དགོས་ལ་ལག་པ་གཙང་མ་བྱེད་དགོས།ལམ་དང་སྨན་ཁང་དུ་མི་གཞན་དང་ཆེས་ཐུང་ནའང་སྨི་གཅིག་གི་བར་ཐག་འཛིན་དགོས།

4)གལ་ཏེ་འགྲུལ་སྐྱེལ་རླངས་འཁོར་དུ་ནད་དུག་བསྒོས་ཚེ།དུག་སེལ་སྨན་ཆུ་ཡིས་དུག་སེལ་བྱེད་དགོས་པའི་བསམ་ཚུལ་བརྗོད་དགོས་ལ།ཁ་ཆུ་དང་ཁ་ལུད་སོགས་ཀྱིས་བཙོག་པར་བཟོས་པའི་ངོས་ཐམས་ཅད་ལ་དུག་སེལ་བྱེད་དགོས།།

ཁྱིམ་ཚང་གི་ཉིན་རྒྱུན་གྱི་འགོག་སྲུང་བྱ་བ་ཇི་ལྟར་སྒྲུབ་དགོས།

   (1)ནད་ཡམས་མཆེད་པའི་ས་ཆར་མི་འགྲོ་བ།

   (2)མི་ཚོགས་འདུ་འཛི་ཆེ་ས་དང་ནང་སྒོས་སུ་མཁའ་དབུགས་འཁོར་སྐྱོད་ཀྱི་མྱུར་ཚད་ཞན་པའི་གནས་སུ་མི་འགྲོ་བ།དཔེར་ན།སྤྱི་སྤྱོད་ཁྲུས་ཁང་དང་།ཆུ་ཚན།གློག་བརྙན་ཁང་།དྲྭ་ཁང་། KTV ཚོང་ར།རླངས་འཁོར་ས་ཚིགས།གནམ་གྲུ་ཐང་།གྲུ་ཁ།འགྲེམ་སྟོན་ཁང་སོགས་ལྟ་བུ།

   (3)རི་སྐྱེས་སྲོག་ཆགས་ལ་རེག་པ་དང་ཉོ་བ།རི་སྐྱེས་སྲོག་ཆགས་ཀྱི་ཤ་ཟ་བ་སོགས་བྱེད་མི་རུང་།ཅི་ནུས་གང་ཐུབ་ཀྱིས་སྲོག་ཆགས་གསོན་པོ་འཚོང་སའི་ཚོང་རར(གཤོག་ཐོགས་ཀྱི་རིགས་དང་ཆུར་གནས་ཀྱི་རིགས།རི་སྐྱེས་སྲོག་ཆགས་ཀྱི་རིགས་སོགས)འགྲོ་མི་རུང་ལ།ཤ་རིགས་ཡོད་ཚད་དང་སྒོ་ང་སོགས་བཙོས་ནས་ཚོས་ཡག་བྱས་རྗེས་བཟའ་དགོས།

   (4)ཁྱིམ་ལ་གད་བདར་ལེགས་པོར་བྱེད་དགོས་པ་དང་།སྒེའུ་ཁུང་ཕྱེས་ནས་ཁྱིམ་དུ་མཁའ་རླུང་གསར་པ་རྒྱུ་རུ་འཇུག་དགོས།

   (5)ནམ་ཡིན་རུང་ལག་པ་བཀྲུས་ནས་གཙང་མ་བྱེད་དགོས་པ་དང་།མི་མང་འདུ་སའི་གནས་ཀྱི་སྤྱི་པའི་སྒྲིག་ཆས་སོགས་ལ་མི་རེག་པ་དང་།ཡང་ན་ཉུང་ཐུག་བྱེད་པ།མི་མང་འདུ་ས་ནས་ཕྱིར་ཡོང་བ་དང་།ཡང་ན་གློ་ལུ་བརྒྱབ་པ་དང་།ཟ་མ་མ་ཟོས་པའི་སྔོན་དང་སྤྱོད་ཁང་དུ་སོང་རྗེས་འདག་རྫས་དང་འདག་ཆུ་ཡིས་ལག་པ་གཙང་མར་བཀྲུ་དགོས་ལ།ལག་པ་གཙང་མ་ཡིན་མིན་མི་ཤེས་ཚེ།ལག་པས་ཁ་སྣ་མིག་བཅས་ལ་རེག་མི་རུང་ཞིང་།ཧབ་སྦྲིད་རྒྱག་པ་དང་ཡང་ན་གློ་ལུ་བྱེད་སྐབས།གྲུ་ཁུག་དང་ལྭ་བ་ཡིས་ཁ་སྣ་བཏུམ་དགོས།

   (6)ཕྱི་ལ་འགྲོ་ན་ཁ་ཐུམ་རྒྱག་དགོས།ཕྱི་ནས་མི་མང་འདུ་ས་དང་སྨན་ཁང་དུ་འགྲོ་དུས་སྤྱི་སྤྱོད་རླངས་འཁོར་ལ་འདུག་སྐབས།སྨན་སྤྱོད་ཕྱི་ཚན་ཁ་ཐུམ་དང་།ཡང་ནN95ཅན་གྱི་ཁ་ཐུམ་རྒྱག་དགོས།

   (7)རྒྱུན་དུ་འཕྲོད་བསྟེན་ལ་དོ་སྣང་དང་བདེ་ཐང་གི་གོམས་སྲོལ་ཆགས་པར་བྱེད་པ།ཁྱིམ་མི་རྣམས་ཀྱིས་ཁ་ལག་ཕྱི་སྤྱད་སྤྱི་སྤྱོད་མི་བྱེད་པ།ཁྱིམ་ཚང་དང་སྣོད་ཀ་ཅ་གཙང་མར་བྱེད་པ།ལྭ་བ་དང་ཉལ་ཐུལ་ཉི་མར་ལྡེ་བ།ཁ་ལུད་སྣ་ལུད་གང་སར་མི་འཕེན་པ།ཁ་ལུད་སྣ་ལུད་སོགས་ཕྱིས་པའི་གཙང་ཤོག་སྙིགས་སྒམ་གྱི་ནང་དུ་འཕེན་དགོས་ལ།རང་གི་འཚོ་བཅུད་ལ་མཉམ་འཇོག་དང་སྦྱོང་བརྡར་འོས་འཚམ་བྱེད་དགོས།

   (8)རང་འགུལ་སྒོས་རང་དང་ཁྱིམ་མི་ཚང་མའི་བདེ་ཐང་གི་གནས་ཚུལ་ལ་བརྟག་དཔྱད་ཚད་ལེན་དང་།ལུས་ཚ་རྒྱས་བཞིན་འདུག་སྙམ་སྐབས་རང་རྟོགས་སྒོས་ཚ་བའི་ཚད་གཞལ་དགོས།ཁྱིམ་ཚང་དུ་བྱིས་པ་ཡོད་ན་ནངས་དགོང་གཉིས་ལ་བྱིས་པའི་ཐོད་པར་རེག་ནས་ཚ་རྒྱག་གིན་ཡོད་མེད་ལ་བལྟ་དགོས་པ་དང་།གལ་ཏེ་ཚ་ཡོད་ན་མྱུར་དུ་ལུས་ཀྱི་ཚ་དྲོད་འཇལ་དགོས།

   (9)ཁྱིམ་ལ་རྒྱུན་དུ་མཁོ་བའི་དངོས་ཆས་གྲ་སྒྲིག་བྱེད་དགོས་ཏེ།ཁྱིམ་དུ་ཚ་གྲང་འཇལ་བྱེད་དང་ཐེངས་གཅིག་བཀོལ་བའི་ཁ་ཐུམ།ཁྱིམ་སྤྱོད་དུག་སེལ་སྨན་རྫས་སོགས་གྲ་སྒྲིག་བྱེད་དགོས།

༄༅།།རིམས་ནད་སྔོན་འགོག་ཐད་ཀྱི་དྲན་སྐུལ།

གཅིག ཉིང་སྐྱུར་ཞིབ་བཤེར་བྱེད་དུས་བྱེད་དགོས་པ་བཞི་ནི།མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ནས་བརྒྱུད་རིམ་ཧྲིལ་པོར་ཁ་རས་ཡག་པོ་རྒྱག་དགོས་པ་དང་། བདེ་ཐང་ཨང་རྟགས་དང་ལམ་ཐིག་ཨང་རྟགས་ལ་ཞིབ་བཤེར་བྱས་ནས་སྨི་2ཡན་གྱི་བར་ཐག་རྒྱུན་འཁྱོངས་བྱེད་པ་དང་གོ་རིམ་ལྡན་པའི་ངང་གྲལ་བསྒྲིགས་དགོས། མི་བདེ་བའི་ཚོར་སྣང་ལ་ཚོད་འཛིན་གང་ཐུབ་བྱས་ཏེ་སྨན་དོན་མི་སྣས་མ་དཔེ་འཚོལ་བསྡུ་བྱ་  རྒྱུར་གཞོགས་འདེགས་བྱེད་དགོས་། མགྱོགས་མྱུར་ངང་ཡུལ་དངོས་དང་བྲལ་ཏེ།གང་ནུས་ཀྱིས་འགྲིམ་འགྲུལ་ཡོ་བྱད་ནང་སྡོད་བཅུག་དགོས།

གཉིས། ཉིང་སྐྱུར་ཞིབ་བཤེར་བྱེད་དུས་བྱེད་མི་རུང་བ་བཞི་ནི། རེ་སྒུག་ཁུལ་དུ་འདུས་སྡོད་བྱེད་མི་རུང་།གང་འདོད་དུ་ཡུལ་དངོས་ཀྱི་མ་དཔེ་འདོན་མཁན་དང་དངོས་རྫས་ལ་རེག་མི་རུང་། ལག་པས་ཁ་ཤུབས་གྱི་ཕྱི་ངོས་ལ་རེག་མི་རུང་། གང་སར་ཁ་ཆུ་གཏོར་དང་ལ་ཁ་ཤུབས་སོགས་གད་སྙིགས་དབྱུག་མི་རུང་།

གསུམ།ཉིང་སྐྱུར་ཞིབ་བཤེར་མ་བྱས་སྔོན་དུ།སྔོན་ལ་ཨང་གྲངས་ཀྱི་ཐོ་འགོད་ཆ་འཕྲིན་ཞིབ་བཤེར་བྱེད་པ་དང་།ཐོ་འགོད་བྱེད་སྐབས་ངེས་པར་དུ་ཡང་དག་པའི་མི་སྒེར་གྱི་ཆ་འཕྲིན་འབྲི་དགོས།མི་སྒེར་གྱིས་ཐོ་འགོད་བྱས་པའི་རྩ་གཉིས་ཨང་རྟགས་གྲུབ་རྗེས་མྱུར་དུ་པར་བཅད་ལེན་བྱས་ནས་ཉར་ཚགས་བྱེད་དགོས། རིག་ནུས་ལག་ཐོགས་ཁ་པར་མེད་པའི་རྒན་རྒོན་དང་ན་སོ་དར་ལ་མ་བབས་པའི་མིར་ནང་མིས་ཕེབས་རོགས་ཞུས་ཏེ་ནང་མིའི་ལག་ཐོགས་ཁ་པར་གྱི་ཐོག་ནས་བཀོལ་སྤྱོད་བྱེད་རོགས་བྱས་ཏེ་སྔ་བསྣུར་དུ་རྩ་གཉིས་ཨང་རྟགས་བཟོ་ཆོག་གི་ཡོད་པ་རེད།

བཞི།ཉིང་སྐྱུར་མ་དཔེ་མ་བླངས་སྔོན་ལ་དུས་ཚོད་གཉིས་ཀྱི་ནང་དུ་ཟ་མ་མི་ཟ་བ་དང་།སྐར་མ་སུམ་ཅུའི་སྔོན་ལ་ཆུ་མི་འཐུང་བ་དང་།ཆང་མི་འཐུང་བ།དྲི་བཟང་ཐང་ཆུ་མི་ཟ་བ་བཅས་བྱས་ཏེ།མ་དཔེ་ལེན་པའི་གོ་རིམ་ཁྲོད་དུ་སྐྱུགས་མེར་ལངས་པ་དང་ཕོ་བ་ལོག་པ་སོགས་ཀྱི་སྣང་ཚུལ་མི་འབྱུང་བ་བྱ་དགོས།

ལྔ། ཉིང་སྐྱུར་ཞིབ་དཔྱད་བྱེད་སྐབས།སྔོན་ལ་མི་སྒེར་གྱིས་ཐོ་འགོད་བྱས་པའི་རྩ་    གཉིས་ཨང་རྟགས་སྟོན་དགོས་པ་དང་།བརྒྱུད་རིམ་ཡོངས་ལ་ཁ་ཐུམ་འདོགས་རྒྱུར་དོ་སྣང་བྱས་ཏེ་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ་དང་།གོ་རིམ་ལྡན་པའི་ངང་གྲལ་ བསྒྲིགས་ནས་མི་གཞན་དང་བར་ཐག་སྨི་2ཡན་རྒྱུན་འཁྱོངས་བྱས་ཏེ་གཅིག་སྡུད་མི་ཡོང་བ་དང་།མི་གཞན་དང་གླེང་མོལ་མི་བྱེད་པར་བྱེད་དགོས།

དྲུག ཉིང་སྐྱུར་གྱི་ཞིབ་དཔྱད་ཚད་ལེན་བྱེད་རིང་ཞིབ་དཔྱད་ཚད་ལེན་སྟེགས་བུའི་ ཐོག་གི་དངོས་པོར་རེག་མི་ཆོག་པ་དང་ལག་ཐོགས་ཁ་པར་དང་།ཐོབ་ཐང་ལག་ཁྱེར།ལྡེ་མིག་སོགས་མི་སྒེར་གྱི་དངོས་པོ་སྟེགས་ངོས་སུ་འཇོག་མི་རུང་། སྣ་ཕྱིས་བྱེད་པའམ་ཁ་ཕྱིས་བྱེད་གང་ཡིན་རུང་སྨན་དོན་མི་སྣའི་རེ་བ་དང་བསྟུན་ནས་འོས་འཚམས་ཀྱི་འགུལ་སྟངས་སྤྱད་དེ་ཕན་ཚུན་རེག་ཐུག་མི་ཡོང་བ་བྱེད་དགོས།

བདུན། དཔེ་སྟོན་ས་ཚིགས་ཁག་གི་ལས་དོན་མི་སྣའི་བཀོད་སྒྲིག་རང་རྟོགས་ངང་  བརྩི་སྲུང་ཞུ་བ་དང་།བཀོད་འདོམས་ལ་བརྩི་བཀུར།ཆ་འཕྲིན་ཐོ་འགོད་དང་མ་དཔེ་འཚོལ་བསྡུ་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བཅས་བྱས་ཏེ་ཞིབ་དཔྱད་བྱས་འབྲས་མ་ཐོན་གོང་རང་འགུལ་ངང་འདུས་འཛོམས་མི་བྱེད་པ་དང་། འདུས་རུབ་མི་བྱེད་པ།ཕན་ཚུན་འགྲོ་རེ་མི་བྱེད་པ་བཅས་བྱེད་དགོས།

འདི་འདྲ་བྱེད་ན་ནད་དུག་འགོག་ཉེན་ཆུང་། 

༡  ཁ་རས་མ་བརྒྱབ་ཚེ་སྐར་ཆ༡༥ཡི་ནང་ཚུན་དུ་ནད་དུག་འགོ་སྲིད་པས།  ཁ་གཏད་གང་འདྲ་གཅོད་དགོས་སམ།

   ནད་དུག་འགོ་མིན་གཙོ་བོ་ཁྱེད་དང་ནད་པའི་དབར་གྱི་བར་ཐག་རིང་ཐུང་དང་ཁྱེད་ཀྱིས་འགོག་སྲུང་བྱས་ཡོད་མེད་ལ་རག་ལས་ཡོད།  ཏོག་གསར་གློ་ཚད་གཙོ་བོ་མཆིལ་མའི་ཟེགས་མ་ནས་འགོ་ཡི་ཡོད་པས།  གལ་ཏེ་ནད་པས་སྐད་ཆ་ཤོད་པ་དང་། གློ་གོག་པ།  ཧབ་ཆི་རྒྱག་པ་སོགས་ཀྱི་སྐབས།  ཁྱེད་ཀྱིས་བར་ཐག་ཉེ་པོས་འབྲེལ་འདྲིས་བྱས་པ་མ་ཟད།  འགོག་སྲུང་གི་བྱ་ཐབས་གང་ཡང་སྤྱད་མེད་ཚེ་འགོ་བདེ་པོ་ཡོད་དེར་བརྟན། མི་སྣ་འདུ་འཛོམས་ཆེ་ཁུལ་དུ་འགྲོ་དགོས་ཁེལ་ན།  ངེས་པར་དུ་ཁ་རས་བརྒྱབ་ནས་འགོག་སྲུང་ཡག་པོ་བྱེད་དགོས།

  ༢   ཕྱིར་སྐྱོད་སྐབས་ངེས་པར་དུ་ལག་ཤུབས་གྱོན་དགོས་སམ། 

       གལ་ཏེ་ཕྱིར་སྐྱོད་སྐབས་ལག་པ་འཁྲུ་ས་མེད་པའམ་ཡང་ན་དུག་སེལ་སྨན་མེད་ཚེ།  ལག་ཤུབས་གྱོན་ཆོག(མཛུབ་མོ་མི་དོན་པའི་ལག་ཤུབས་གང་རུང་གིས་འགྲིག)  འོན་ཀྱང་ཡིན་གཅིག་གྱོན་པའི་ངེས་པ་མེད།  མང་ཚོགས་དཀྱུས་མས་སྤྱོད་གཅིག་མའི་སྨན་བཅོས་ལག་ཤུབས་ཉོ་དགོས་མེད། འགག་རྩ་ལག་པའི་གཙང་སྦྲ་ལ་ཐུག་ཡོད། 

  ༣  ལག་ཤུབས་གྱོན་ཚེ་ལ་པ་འཁྲུ་དགོས་མེད་དམ། 

    ལག་ཤུབས་གྱོན་ཡོད་མེད་གང་ཡིན་རུང་།  ཚང་མ་ལག་པ་འཁྲུ་དགོས།  དེ་ལྟར་བྱས་ཚེ་ལག་པ་བཙོག་པ་ཆགས་པའི་རྐྱེན་གྱྀས་ནད་དུག་འགོ་ཚད་ཉུང་དུ་འགྲོ་སྲིད། 

    རིམས་ནད་འགོག་འཛིན་སྐབས་མྱུར་སྐྱེལ་ལེན་པའི་སྐོར།

མྱུར་སྐྱེལ་ལེན་དུས་ཀྱི་རིམས་ནད་འགོག་སྡོམ།

དང་པོ། རྒྱ་ཆེའི་མང་ཚོགས་ཀྱིས་མྱུར་སྐྱེལ་བསྐུར་བའམ་ལེན་དུས་མཉམ་འཇོག་བྱ་དགོས་ས།

༡ མྱུར་སྐྱེལ་བསྐུར་བའམ་ལེན་དུས་ཁ་ཐུམ་རྒྱག་དགོས་ལ་མྱུར་སྐྱེལ་པ་དང་ཐུག་རེག་གི་འབྲེལ་འདྲིས་བྱེད་པ་དང་ཁ་བརྡ་བྱེད་པ་སོགས་བྱ་མི་རུང་།  རབ་ཡིན་ན་གཏན་ཁེལ་གྱི་གནས་སུ་བཞག་ནས་ཐུག་རེག་མེད་པར་སྤྲོད་ལེན་བྱ་དགོས།  གལ་ཏེ་ངེས་པར་དུ་མིང་ཐོ་བཀོད་ནས་ལེན་དགོས་ཚེ། མྱུར་སྐྱེལ་པ་དང་སྨིད་གཉིས་ཡན་གྱི་བར་ཐག་འཛིན་དགོས།

༢ མྱུར་སྐྱེལ་གྱི་ཕྱི་ཐུམ་ལེན་དུས་ཁིལ་འདུས་དུག་སེལ་སྨན་རྫས་སམ་ཡང་ན་སྨན་སྤྱོད་ཆང་བཅུད་ཀྱིས་ཕྱི་ཐུམ་ལ་དུག་སེལ་བྱ་དགོས། དེ་མིན་ལན་གཅིག་ཅན་གྱི་ལག་ཤུབས་གོན་ནས་བླངས་ཀྱང་ཆོག  ཕྱི་ཐུམ་སྒོ་ཕྱི་ནས་ལེན་པ་ལས་ཁྱིམ་ལ་འཁྱེར་མི་རུང་བ་དང་། འཚོ་བའི་གད་སྙིགས་རིགས་དབྱེའི་ལྟར་འཕེན་དགོས།

༣ ཕྱི་ཐུམ་འཕངས་མ་ཐག་ལག་ཤུབས་ཕུད་ནས་ལག་པ་གཙང་མར་བཀྲུ་དགོས། ལག་པ་བཀྲུ་སྟངས་ཀྱི་རིམ་པ་བདུན་ལྟར་ལག་པ་གཙང་མར་འཁྲུད་པ་དང་། གཙང་མ་མིན་པའི་ལག་པས་ཁ་དང་མིག སྣ་སོགས་ལ་རེག་མི་རུང་། ཆང་བཅུད་གཏོར་དུས་ངེས་པར་དུ་བདེ་འཇགས་ལ་དོ་སྣང་བྱས་ཏེ་མེ་སྐྱོན་འབྱུང་བར་དོགས་ཟོན་བྱ་དགོས།

གཉིས་པ། མྱུར་སྐྱེལ་བས་མཉམ་འཇོག་བྱ་དགོས་ས།

༡ ཐུག་རེག་མི་བྱེད་པའི་དངོས་པོ་སྐྱེལ་སྟངས་དར་སྤེལ་གཏོང་དགོས། རིག་ནུས་མྱུར་སྐྱེལ་སྒམ་ཆུང་བཙུགས་ཡོད་པའི་མཁར་སྡེ་དང་གཞིས་ཁུལ། ལས་ཁུངས་བཅས་ཀྱིས་འབྲེལ་ཡོད་ཀྱི་བླང་བྱ་ལྟར། རིག་ནུས་མྱུར་སྐྱེལ་སྒམ་ཆུང་ནས་མྱུར་སྐྱེལ་ལེན་ཐབས་གང་ནུས་ཀྱིས་སྤྱོད་དགོས།

༢ མྱུར་སྐྱེལ་པས་དངོས་རྫས་སྐྱེལ་བའི་ཞབས་ཞུ་སྒྲུབ་སྐབས། ཁ་ཐུམ་དང་ལག་ཤུབས་གྱོན་ནས་ཐད་ཀར་ཐུག་རེག་བྱེད་ཚད་ཉུང་དུ་གཏོང་དགོས་པ་མ་ཟད། ཁ་བརྡ་བྱེད་སྐབས་མ་མཐའ་ཡང་སྨིད་གཉིས་ཡན་གྱི་བར་ཐག་འཛིན་དགོས་ལ། སྨན་བཅོས་ལས་ཁུངས་སོགས་དམིགས་བསལ་གྱི་གནས་སུ་མྱུར་སྐྱེལ་སྐྱེལ་ལེན་བྱས་རྗེས་དུས་ཐོག་ཏུ་ལག་པར་དུག་སེལ་བྱ་དགོས།

༣ བླང་བྱ་ལྟར་ཉིང་སྐྱུར་བརྟག་དཔྱད་དང་བདེ་ཐང་ཞིབ་བཤེར་སོགས་ཀྱི་འགོག་སྡོམ་བྱེད་ཐབས་ལེགས་པོར་བསྒྲུབ་དགོས།

༤ པྲོག་གསར་ནད་དུག་གི་ཤུགས་སྣོན་འགོག་ཁབ་གང་མགྱོགས་སྒོས་རྒྱག་དགོས།

༥ རླངས་འཁོར་གྱི་གཙང་སྦྲ་རྒྱུན་འཁྱོངས་བྱ་དགོས་ལ། དགོས་ངེས་ཡོད་དུས་སྔོན་འགོག་རང་བཞིན་གྱི་དུག་སེལ་བྱ་དགོས།

གསུམ་པ། དྲན་སྐུལ།

རིམས་ནད་འགོག་སྡོམ་བྱེད་སྐབས། དགོས་ངེས་མེད་ན་མངའ་ཁོངས་ཕྱིའི་ཉེན་ཁ་ཆེ་བའི་ས་ཆ་ནས་དྲ་ལམ་ཚོང་ཟོག་མི་ཉོ་བ་དང་། རྒྱལ་ནང་གི་རང་སའི་རིམས་ནད་བྱུང་ཡོད་པའི་ས་ཁུལ་ནས་ཚོང་ཟོག་ཉོ་བར་གཟབ་གཟབ་བྱ་དགོས།

རིམས་འགོག་སྐབས་ཀྱི་བདེ་འཇགས་ཉོ་ཚོང་སྐོར་གྱི་དྲན་སྐུལ།

 རིམས་འགོག་གི་སྐབས་སུ་སྔོ་ཚོད་ཉོ་རྒྱུ་དེ་མི་མང་པོའི་དོན་དག་གལ་ཆེན་ཞིག་ཏུ་གྱུར་ཡོད། ཕྱིར་སོང་ནས་སྔོ་ཚོད་སོགས་འཚོ་བའི་མཁོ་དངོས་ཉོ་སྐབས་མཉམ་འཇོག་བྱ་དགོས་ས་གང་དག་ཡོད་པ་དང་། དྲ་ཐོག་ནས་ཉོས་པའི་དངོས་པོ་ཇི་ལྟར་བླངས་ན་སེམས་བདེ་ལ་བབས་ཆོག་གམ་ཞེ་ན། རིམས་འགོག་གི་སྐབས་འདི་ལ། བདེ་འཇགས་ངང་སྔོ་ཚོད་ཉོ་བའི་ཕྱོགས་སྟོན་འདི་ཁྱེད་ལ་འབུལ་ལོ། གཟིགས་རོགས་ཞུ།

དང་པོ། ཕྱི་ལ་སོང་ནས་མཁོ་དངོས་ཉོ་སྐབས་རང་སྲུང་ལེགས་པོ་བྱ་དགོས་ཤིང་། འདུ་རུབ་མི་བྱེད་པར་མགྱོགས་པོར་ཉོས་རྗེས་མགྱོགས་པོར་ཕྱིར་ལོག་དགོས།

༡ ཕྱི་ལ་མཁོ་དངོས་ཉོ་རུ་འགྲོ་སྐབས་ཁ་ཐུམ་ལེགས་པོར་བརྒྱབ་རྗེས་ད་གཟོད་ཕྱིར་འགྲོ་དགོས། སྒོ་རྩིས་ཚོང་ཁང་གི་ནང་བལྟོས་བཅས་ཀྱིས་ཁ་རུབ་ཡིན་པས། ཁ་ཐུམ་རྒྱག་པ་ནི་མཆིལ་ཟེགས་ལས་འགོས་པ་འགོག་ཐབས་ཆེས་བཟང་ཤོས་དེ་ཡིན།

༢ ལག་པར་གཙང་སྦྲ་ལེགས་པོ་བྱ་དགོས་ཤིང་། འཁྱེར་བདེ་བའི་ལག་འཁྲུད་དུག་སེལ་གཤེར་ཁུ་དང་དུག་སེལ་བརླན་ཤོག་བཟུང་ན་འོས།

༣ སྤྱི་པའི་དངོས་རྫས་ལ་ཐུག་རེག་མི་བྱེད་པ་དང་། ཁ་སྣ་དང་མིག་སོགས་ལ་ཡང་ལག་པས་རེག་མི་རུང་། ཕྱིར་ཐོན་རྗེས་འདག་རྫས་སམ་ལག་འཁྲུད་གཤེར་ཁུ། བཞུར་ཆུ་བཅས་ཀྱིས་སྐར་ཆ་ཉི་ཤུར་བཀྲུ་དགོས།

༤ ལུ་བ་དང་ཧབ་སྦྲིད་རྒྱག་སྐབས་གུས་ལུགས་ལྟར་གྲུ་མོའམ་ཤོག་བུས་ཁ་སྣ་བཏུམ་དགོས་ཤིང་། ཁ་ཆུ་སྣ་ཆུ་ཤོག་བུས་དམ་པོར་བཏུམས་རྗེས་སྙིགས་སྒམ་དུ་འཕེན་དགོས།

༥ སྒོ་རྩིས་ཚོང་ཁང་ལ་རླུང་རྒྱུ་མིན་དང་། འཛུལ་སྒོ་དང་འབུད་སྒོ་བགར་ཡོད་མེད། བདེ་ཐང་ལྟ་ཞིབ་ཚད་ལེན་སོགས་ལག་བསྟར་བྱས་པ་བཟང་མིན།  དེ་མིན་ནང་ཡོངས་ལ་ཁྱོན་ཡོངས་ནས་དུག་སེལ་བྱས་ཡོད་མེད་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། ཚད་ལྡན་དང་རིམས་ནད་འགོག་སྡོམ་བྱས་པ་བཟང་བའི་ཚོང་ཁྲོམ་བདམས་ནས་འགྲོ་དགོས།

༦ མཁོ་དངོས་ཉོ་སྐབས། ལག་པས་ཟས་རིགས་ལ་ཐད་ཀར་མི་རེག་པར་འགྱིག་ཤོག་ལག་འབོབ་གོན་དགོས། ཤ་རིགས་དང་མཚོ་ཟས་སོགས་རློན་ཟས་རིགས་ཉོ་སྐབས། སིལ་ཏོག་དང་སྔོ་ཚོད།  ཟས་རིགས་བཙོས་མ་སོགས་དང་ཁ་ཁར་འཇུག་དགོས།

༧ མི་ཚོགས་མང་བའི་དུས་ལ་གཡོལ་གང་ཐུབ་བྱེད་པ་དང་སྔོན་ནས་ཉོ་དགོས་པའི་མཁོ་དངོས་ཀྱི་གསལ་ཐོ་བྲིས་ཏེ། ཐད་ཀར་རང་ལ་གང་མཁོ་རྣམས་མགྱོགས་པོར་ཉོ་བ་ལས། སྒོ་རྩིས་ཚོང་ཁང་དང་སྔོ་ཚོད་ཚོང་ར་ནས་ནར་འགྱངས་བྱས་ནས་འདུག་མི་རུང་།

༨ སྔོ་ཚོད་དང་མཁོ་དངོས་ཉོ་སྐབས་གཞན་དང་སྨིད1ཡན་གྱི་བར་ཐག་འཛིན་དགོས་ལ། ཕན་ཚུན་ཁ་བརྡ་མི་བྱེད་པ་དང་། ལྷག་པར་ཁ་ཐུམ་བླངས་ནས་ཁ་བརྡ་བྱེད་པ་དང་ཟས་ཟ་བ་སོགས་གཏན་ནས་བྱེད་མི་རུང་།

གཉིས་པ། དྲ་ལམ་ནས་ཉོས་པའི་དངོས་རྫས་ལེན་སྐབས་ཁ་ཐུམ་རྒྱག་དགོས་ལ། བླངས་རྗེས་ལག་པ་གཙང་མར་བཀྲུ་བའམ་དུག་སེལ་ལེགས་པོ་བྱ་དགོས།

༡ དྲ་ལམ་ནས་མཁོ་དངོས་ཉོ་སྐབས་ཚད་ལྡན་གྱི་དྲ་ཐོག་ཚོང་ཁང་གདམ་དགོས་པ་དང་། ཡོང་ཁུངས་མི་གསལ་བའི་ཚོང་ཟོག་ཉོ་མི་རུང་། མྱུར་སྐྱེལ་ལེན་སྐབས། རིག་ནུས་མྱུར་སྐྱེལ་བསྡུ་སྒམ་ལྟ་བུ་བཀོལ་ནས་ཐད་ཀར་ཐུག་རེག་བྱེད་མི་རུང་།

༢ མྱུར་སྐྱེལ་ལེན་སྐབས། ཁ་ཐུམ་རྒྱག་དགོས་པ་དང་རབ་ཡིན་ན་གཅིག་སྤྱོད་ལག་ཤུབས་གྱོན་དགོས་པ་ལས། ལག་པས་ཐད་ཀར་མྱུར་སྐྱེལ་གྱི་ཕྱི་ཐུམ་ལ་རེག་མི་རུང་།

༣ མྱུར་སྐྱེལ་བླངས་རྗེས། ཕྱི་ཐུམ་ཁྱིམ་དུ་མི་འཁྱེར་བར་སྙིགས་སྒམ་དུ་འཕེན་དགོས། ངེས་པར་དུ་འཁྱེར་དགོས་ན་དུག་སེལ་བརླན་ཤོག་གིས་ཕྱི་ཐུམ་གྱི་ངོས་ཡོངས་གཙང་མ་ཕྱི་བའམ་ཡང་ན་དུག་སེལ་གཤེར་ཁུས་དུག་སེལ་བྱ་དགོས།

༤ ཕྱི་ཐུམ་བཤགས་རྗེས། ལག་པའི་གཙང་སྦྲ་ལེགས་པར་བསྟེན་དགོས་ཏེ། བཞུར་ཆུས་ལག་པ་གཙང་མ་བཀྲུ་བའམ་ཡང་ན་ལག་པའི་དུག་སེལ་གཤེར་ཁུས་དུག་སེལ་བྱ་དགོས།

གསུམ་པ། འཁྱགས་སྒམ་ཉེན་འགོག་སྒམ་མིན་པས་ཟས་རིགས་ཚད་དང་རན་པ་གསོག་འཇོག་བྱ་དགོས།

གསོག་འཇོག་ཐབས་དང་གསོག་འཇོག་བྱེད་ཡུན་ཚད་དང་རན་ན་ཟས་རིགས་སོ་མ་ཡིན་ཞིང་གཙང་མའང་ཡིན། འབྲུ་རིགས་གསོག་འཇོག་བྱེད་སྐབས། སྐམ་ཤས་ཆེ་ཞིང་འོད་མི་ཕོག་ས། དྲོད་ཚད་དམའ་ཞིང་རླུང་རྒྱུ་སར་འཇོག་དགོས། སིལ་ཏོག་དང་སྔོ་ཚོད་གསོག་འཇོག་བྱེད་སྐབས་གྲང་ཉར་བྱས་ན་བཟང་མོད་ཡུན་རིང་ལ་བཞག་ན་མི་བཟང་། ཤ་རིགས་དང་ཆུའི་ཐོན་རྫས་སོགས་འཁྱགས་ཉར་བྱས་ན་བཟང་མོད། འཁྱགས་ཞུ་ཐེངས་མང་བྱས་ན་ཟས་རིགས་བདེ་འཇགས་ཀྱི་ཉེན་ཁ་ཆེ། འཁྱགས་དར་ཟས་རིགས་འཁྱགས་སྒམ་དུ་འཇོག་སྐབས་ཟས་རིགས་བཙོས་མ་དང་ཁ་ཁར་འཇོག་དགོས། འཁྱགས་དར་གྱི་ཟས་རིགས་བརྔོ་བ་དང་ཟ་བའི་སྐབས་ཚོས་ཐག་ཆོད་དགོས། ཟས་ལྷག་ཡུན་རིང་ལ་བསྐྱུར་ན་ཟ་མ་སྐྱུར་བ་དང་རུལ་བའི་སྣང་ཚུལ་འབྱུང་བས། རབ་ཡིན་ན་ད་ལས་པ་ད་ཟ་དགོས།

  གསན་མཁན་གྲོགས་པོ་རྣམ་པ།དེ་རིང་གི་རིམས་ནད་སྔོན་འགོག་ཐད་ཀྱི་ཁ་བརྡའི་དུས་ཚོད་འདི་ནས་མཚམས་འཇོག་རྒྱུ་ཡིན།ཁྱེད་རྣམ་པའི་མ་འོངས་པའི་འཚོ་བ་ནང་རིམས་ནད་འགོག་སྲུང་ཐད་ལ་ཆུ་ཐིགས་ཙམ་ཞིག་ཕན་ཐོགས་ཡོད་པའི་རེ་བ་ཡིན། སླད་མར་ཁྱེད་རྣམ་པར་ཐུགས་སེམས་སྤྲོ་པོ་དང་།སྐུ་ཁམས་བདེ་ཐང་ཡོང་བའི་སྨོན་འདུན་ཞུ།ད་ཚང་མ་ཚེ་རིང་།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་།

གསར་འགྱུར། རིག་གནས།

གྱེར་འདོན། བརྙན་རིས།

འབྲེལ་གཏུགས་བྱེད་ཡུལ། 

དོན་འགྲུབ་ཕུན་ཚོགས། །སྐལ་བཟང་ཆོས་གྲགས།

འཇམ་དབྱངས་མཁྱེན་རབ།

ཁ་པར་ཨང་གྲངས།

 0836-2838261

ལྟ་སྐུལ་བ། དོན་འགྲུབ་ཕུན་ཚོགས།

གཙོ་འགན་པ། སྐལ་བཟང་ཆོས་གྲགས།

རྩོམ་སྒྲིག་པ། འཇམ་དབྱངས་མཁྱེན་རབ།

དྲ་གྲོགས་དཔྱད་བརྗོད།
དྲ་གྲོགས་ཀྱིས་དཔྱད་བརྗོད་དེ་རང་གི་ལྟ་བ་ཡིན་པ་ལས་ངེད་ལས་ཁུངས་ཀྱི་ལྟ་ཚུལ་མིན།
0
དཔྱད་བརྗོད།(0)
ཉར་ཚགས།
ནང་དོན་གསར་པ།
འབྲེལ་ཡོད་ངོ་སྤྲོད།
ཕར་བརྗེ།