སྙན་ངག
བདེ་ཡངས་སྐྱིད། ཕ་ཡུལ། རྔ་བ་ཁུལ་ཁྱུང་མཆུ་རྫོང་། ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན་ཅིང་༢༠༡༢ལོར་དཀར་མཛེས་ཁུལ་ཉག་ཆུ་རྫོང་ཁོག་ལ་ཡུལ་ཚོའི་ལྟེ་གནས་སློབ་ཆུང་ནས་དགེ་རྒན་གྱི་བྱ་བ་ལོ་ངོ་གསུམ་ཙམ་གཉེར།༢༠༡༥ལོ་ནས་ད་ལྟའི་བར་ཉག་ཆུ་རྫོང་འཕྲིན་སྦྱོར་མཉམ་འདྲེས་ལྟེ་གནས་སུ་ཡིག་བསྒྱུར་མདོ་འཛིན་སྒྲིག་སྦྱོར་སོགས་ཀྱི་བྱ་བ་གཉེར་བཞིན་ཡོད།
德杨姐,阿坝红原人,毕业于四川省藏文学校。2012年在甘孜州雅江县柯拉中心小学担任三年的教师,2015年调入雅江县融媒体中心、担任翻译、播音、编辑工作。
གཡའ་ཤིང་གི་ལོ་མ།
རྩོམ་པ་པོ། ལྗང་བུ།
སྦྲང་ཆར་གྱི་དངོས་གྲུབ་ཐོབ་པའི་ནགས་ཚལ།
སྣུམ་ཤིག་ཤིག
འཇམ་ཐིང་ཐིང་།
འདབ་ཆགས་ཀྱི་ཅ་ཅོ་བྲལ།
རི་དྭགས་ཀྱི་འདུ་འཛིས་དབེན།
གཡའ་ཤིང་གི་ལྗོན་པའི་འོག་ཏུ་བདག་གཉིས་འཕྲད།
སྐབས་དང་སྐབས་སུ་ཐོས་པ་ནི
མེ་ཏོག་གི་འདབ་མ་ལྷུང་བའི་སྒྲ་དང་།
ཡིད་སེམས་གཉིས་འཕར་ལྡིང་བྱེད་པའི་འགྲོས་ཡིན།
༢
དྲི་བཞོན་མའི་ལག་ཟུང་མཉེན་མོས།
རླན་བཤེར་གྱི་འཁྲི་ཤིང་སྤྲུག་སྤྲུག་བཏང་།
ཆུ་ཐིགས་ཀྱི་ཟེགས་མ་ཐོར་བའི་གཡའ་ལོ་གཉིས།
ཇེ་ཉེ་ནས་ཇེ་ཉེར་ཕྱིན།
ག་ལེར། ག་ལེར་ཕྲད་བྱུང་།
ཆུ་ཐིགས་ཀྱི་དྭངས་གསལ་འཚེར་བའི་གཡའ་ལོ་གཉིས།
མཆུ་དང་མཆུ་ཕྲད་པའི་སྐད་ཅིག་མ་དེ་ལ།
གཡའ་ལོ་ལས་དམར་བའི་ཡིད་སེམས་གཉིས་འདྲེས་བྱུང་།
ཁྲག་ཐིགས་དང་ཁྲག་ཐིགས་འདྲེས་པ་ཅི་བཞིན།
མེ་ལྕེ་དང་མེ་ལྕེ་འདྲེས་པ་ཅི་བཞིན།
༣
གཡའ་ཤིང་གི་ལོ་མ་གཉིས་དམ་དུ་འཁྱུད།
དམར་ཆུང་གི་སེམས་པ་གཉིས་གཅིག་ཏུ་བསྡོངས།
སྐབས་དང་སྐབས་སུ་ཐོས་པ་ནི།
མེ་ཏོག་འདབ་མ་ལྷུང་བའི་སྒྲ་དང་།
ཡིད་སེམས་གཅིག་འཕར་ལྡིང་བྱེད་པའི་འགྲོས་ཡིན།
——དཀར་མཛེས་བརྙན་འཕྲིན་ཁང་ནས།