རྟ་ཡི་སྐོར༣《རྟ་དང་འཕྲུལ་རྟའི་རྩོད་གླེང་།》
1589967272

ཁྱེད་ཉིད་བྱོན་པ་ལེགས།

欢迎您的关注

གཟིགས་་་་

ཁམས་པའི་དཔལ་ཡོན།

དྭངས་གཙང་གི་དཀར་མཛེས། 


རྟ་དང་འཕྲུལ་རྟའི་རྩོད་གླེང་།

རྩོམ་པ་པོ།   མེ་ཏོག་མཚོ། 

  སེང་གེ་གྲགས་པས་འཕྲུལ་རྟ་གསར་པ་ཞིག་ལ་བཞོན་ནས་འུར་སྒྲ་དང་བཅས་རང་ཁྱིམ་གྱི་སྒོ་ཁར་འབྱོར། འཕྲུལ་རྟའི་འཛིན་ཡུའི་སྟེང་གི་རྒྱབ་ཤེལ་ལ་ཁ་བཏགས་སེར་པོ་ཞིག་འཕྲེད་ལ་བཏགས། སྲིན་སྐུད་དཀར་ནག་ཉིས་སྦྲེལ་གྱིས་བསླས་པའི་འུར་རྡོ་ཆུ་མིག་དགུ་སྒྲིལ་ཆུང་ཆུང་ཞིག་ལྡེ་མིག་གི་ལུང་ཐག་བྱས། འཕྲུལ་རྟའི་ཤེལ་ཏོག་དང་། ཉེན་ལྕགས། འདམ་འགོག སྣུམ་དམ། འབོལ་ཁྲི། དོ་ཁྲི། འགག་ཟྭ་སོགས་གང་ས་ནས་འོད་ཆེམ་ཆེམ་དུ་འཚེར་ཡོང་། ཁོས་འཕྲུལ་རྟའི་གཞོགས་གཡས་ངོས་ཀྱི་སྲ་ཚུགས་རྐང་པས་ས་ལ་གཏད་དེ་ཁྱིམ་དུ་འཛུལ་བ་ན། ཆུང་མ་བྱང་ཆུབ་སྒྲོལ་མ་རྟ་ཆག་ཆག་ཕད་གང་ཁྱེར་ནས་གཟུགས་པོ་སྒུར་ཙམ་གྱིས་ཐོན་ཡོང་བ་དང་འཕྲད། སེང་གེ་གྲགས་པའི་ངོ་གདོང་འཛུམ་གྱིས་ཁེངས་ཤིང་། འཕྲུལ་རྟའི་ལྡེ་མིག་གི་ལུང་ཐག་ནས་བཟུང་སྟེ་ཤུ་གླུ་ལེན་གིན་བྱང་ཆུབ་སྒྲོལ་མའི་མིག་མདུན་དུ་གཡུག་གཡུག་གཏོང་བ་དང་། འཕྲུལ་རྟར་ཕྱིར་མིག་ལྟ་བཞིན་ངས་ཕེབས་ཊོ་འདི་གཡང་སྐྱབས་ཀྱི་ས་ནས་ཉོས་པ་ཡིན། ཡག་ལོད་འདུག་ཅེས་བཤད། བྱང་ཆུབ་སྒྲོལ་མས་དེ་འདྲའི་སྣང་བ་མཐོ་མདོག་ལ། སྦག་སྦག་གོབ་ཏོ་གཅིག་ལ་ཕེབས་ཊོ་ཡིན་ཟེར། ང་རྟ་ལ་ཆག་སྟེར་བར་འགྲོ ཁྱོད་ལ་ཁ་ཡ་བྱེད་ཁོམ་མེད་ཅེས་བརྗོད་དེ་ཤར་རེར་རྟ་རའི་ནང་དུ་སོང་།

   བྱང་ཆུབ་སྒྲོལ་མ་རྟ་རའི་འགྲམ་དུ་འབྱོར་སྐབས། རྟ་རྒན་རག་པའི་ནག་ཆུང་སྲན་མ་འདྲ་བའི་མིག་གཉིས་འབུར་ཚུགས་སུ་ལྟ་བ་དང་། རག་དུང་གི་ཁ་དང་འདྲ་བའི་སྣ་ཁུང་གཉིས་ལས་སྣ་ཤུ་བར་མེད་དུ་རྒྱག་ཅིང་། ལག་ཏུ་འཁྱེར་བའི་དགོང་ཆག་ལ་ལྟ་ཙམ་ཡང་མི་བྱེད་པར་ཁོང་ཁྲོའི་མེ་ལྕེ་འབར་བའི་དཔའ་རྒོད་གཅིག་གིས་སྡང་དགྲ་བོ་ཆམ་ལ་འབེབས་འདོད་པ་ལྟར་སོ་སྒྲ་ཀྲིག་ཀྲིག་འཆའ་བཞིན་མཆིས། མོས་རྟ་ཆག་ཐང་དུ་བཞག་ནས་དལ་བུས་མཐུར་ཐག་སྙོབ་རྩིས་བྱེད་སྐབས་རྟ་རྒན་གྱིས་མཐུར་ཐག་ཤུགས་ཀྱིས་འཐེན་ནས་ཐལ་འཚུབ་དང་བཅས་ཁྱིམ་དུ་འབྱོར་མ་ཐག་པའི་སྒོ་འགྲམ་གྱི་འཕྲུལ་རྟའི་ཕྱོགས་སུ་རྒྱུག་ཅིང་། ལྕགས་ཀྱི་ཐོ་བ་དང་འདྲ་བའི་རྨིག་ལྕགས་ཀྱིས་འཕྲུལ་རྟའི་སྣུམ་དམ་སྟེང་དུ་ཤུགས་ཀྱིས་བརྒྱབ་པས། འཕྲུལ་རྟ་ཐང་དུ་འགྱེལ། སེང་གེ་གྲགས་པས་འཕྲུལ་རྟ་འགྱེལ་བའི་སྒྲ་གོ་མ་ཐག་བྱ་འཕུར་བ་ལྟར་ཕྱིར་ཐོན་ཡོང་བ་དང་། ངག་ནས་ཁྱི་འདོ། ཤི་རྒྱུ་མེད་པའི་རྟ་རྒན་འདི་ཡིན་ན་ཞེས་གཤེ་བཞིན་ལག་པ་གཡས་པས་དབྱུག་པ་ཞིག་བསྒྲུགས་ཏེ་རྟ་རྒན་རག་པའི་མགོ་རུ་ཞུ་རྩིས་བྱས་ནའང་། རྟ་རྒན་གྱིས་འཚེར་སྐད་ས་གཞི་སྦིར་སོང་སྙམ་པ་ཅིག་བརྒྱབ་སྟེ་གོམ་པ་གང་ཙམ་ཕྱིར་བཤོལ་བྱས་རྗེས་སེང་གེ་གྲགས་པར་ཕྱོགས་ནས་འདི་སྐད་སྨྲས་སོ། སྐྱབས་བླ་མ་ཡི་དམ་དཀོན་མཆོག་གསུམ། ང་དུད་འགྲོ་རྟ་ཕོའི་མགོན་སྐྱབས་མཛོད། ཡུལ་ལྷ་རྟ་མགྲིན་དམར་པོ་མཁྱེན། དེ་རིང་རག་པའི་གདོང་གྲོགས་མཛོད། ཚུར་ཉོན་དང་ཕ་རྒན་སེང་གེ་གྲགས། ངས་དེ་རིང་གཏམ་གཅིག་མ་བཤད་ན། ཁྱོད་བདག་པོ་གདོན་གྱིས་བཟུང་ཉེན་འདུག ང་འདོ་བ་བདག་མེད་སྐྱུར་ཉེན་འདུག ང་རྟ་ཕོའི་རྒྱུད་ཁུངས་ཤོད་ཟེར་ན། ཕ་རྒྱུད་བྱ་རྒྱལ་ཁྱུང་གི་རིགས། བསིལ་མ་རླུང་གི་གཤོག་པ་ཐོགས། མ་རྒྱུད་གསེར་གཤོག་ཉ་མོའི་རིགས། རྩལ་ལྡན་ཉ་མོའི་འཁྱུག་འགྲོས་ལྡན། གནའ་མི་རྒན་པོའི་ཤོད་ལུགས་ལ། རྒྱབ་འཁུར་རྒྱུ་གནམ་ལྕགས་ཐོག་འདྲ་གཅིག རྐེད་འདོགས་རྒྱུ་གློག་དམར་འཁྱུག་འདྲ་གཉིས། འོག་འཁྱེར་རྒྱུ་བསིལ་མ་རླུང་འདྲ་གསུམ། རྒྱུ་དེ་གསུམ་ཨ་ཕོའི་རྒྱན་ཆར་འདོད། ང་རག་པ་ལོ་གཉིས་ཅོ་པའི་དུས། དྲིན་ཨ་མའི་འོ་ཐག་མ་ཆོད་གོང་། འགྲོས་གོམ་པའི་རང་ཚུགས་མ་ཟིན་གོང་། རྒྱབ་སྐེད་པའི་སྐེད་ཚན་མ་ཆུད་གོང་། མགོར་རྟ་མཐུར་གཡོགས་ནས་རྟོད་ལ་བཏགས། ཁར་ལྕགས་ལོང་བཅུག་ནས་གོམ་འགྲོས་བསླབས། རྒྱབ་ལྕག་གིས་བྲབས་ནས་བང་རྩལ་སྦྱངས། ལོ་དེ་ནས་བརྩིས་པའི་ཚུན་ཆད་ལ། ཁྱོད་མི་ལོ་དྲུག་གསུམ་བཅོ་བརྒྱད་སོང་། ང་རྟ་ལོ་ན་སོ་བཅུ་གཉིས་སོང་། ཁྱོད་སེང་གེ་གྲགས་པའི་མི་ཚེ་ལ། ང་རྟ་ཕོའི་བྱས་པ་ཆུང་ཆུང་མིན། ཡིད་མ་ཆེས་རེ་གཉིས་དྲངས་པས་ཆོག ཆོས་བྱིན་རླབས་ཞུ་ཉིན་འདོ་བ་ང་། གོང་དཔོན་པོ་བསུ་ཉིན་འདོ་བ་ང་། སྐྱིད་བག་སྟོན་བྱེད་ཉིན་འདོ་བ་ང་། སྡུག་ཕུང་སྒོ་འདོན་ཉིན་འདོ་བ་ང་། སྡང་དགྲ་བོར་འཐབ་ཉིན་འདོ་བ་ང་། འགྲུལ་ཐག་རིང་གཅོད་ཉིན་འདོ་བ་ང་། ཁལ་ལྗིད་མོ་དབོར་ཉིན་འདོ་བ་ང་། ཁྲོམ་མི་དམངས་འཛོམས་ཉིན་འདོ་བ་ང་། ངས་ཚེ་གཅིག་ཞབས་ཕྱི་ཁྱོད་ལ་རྒྱུག ལས་དཀའ་ཚེགས་ཆེ་ཡང་བཟོད་བསྲན་སྒོམ། གནའ་མི་བོད་ཀྱི་གཏམ་དཔེ་ལ། རྟ་རྒན་མི་རྒན་ཁྱི་རྒན་གསུམ། ལས་བྱས་པ་ཆེ་ཡང་ཀུན་གྱིས་སྡང་། རྟ་ཕྲུག་མི་ཕྲུག་ཁྱི་ཕྲུག་གསུམ། ལས་བྱས་པ་ཆུང་ཡང་ཀུན་གྱིས་གཅེས། དེ་ཟེར་ཡང་ཟེར་ཏེ་བདེན་ཡང་བདེན། ད་རྟ་རྒན་ན་སོ་རྒས་པའམ། བདག་པོ་ཨ་གསར་ཆེ་བས་ལན། རྒས་དྲིན་ལན་འཇལ་རྒྱུའི་ཨ་ཡ་ལ། ལག་དབྱུག་པ་ཁྱེར་ནས་ཐོན་སོང་ངོ་། ཁ་དམོད་ཚིག་འབོད་བཞིན་ཐོན་སོང་ངོ་། ཉི་མ་དེ་རིང་ཚུན་ཆད་ལ། ཡང་མིན་ན་འཕྲུལ་རྟར་བདག་པོ་རྒྱོབས། ཁྱོད་བདག་པོས་འདོ་བ་ཡོད་བསམ་དང་། ང་འདོ་བས་བདག་པོ་ཡོད་བསམ་མེད། ང་རྟ་རྒན་མི་འདུག་རྟ་རྒན་འགྲོ། ང་རྟ་རྒན་ཨ་ཡེར་ཐང་ལ་འགྲོ། རྒྱབ་དྲོད་ལེན་བདེ་མོའི་ཐང་ལ་བཅོལ། ཟས་རྟ་ཆས་རྩྭ་ཐང་ཡངས་མོར་བྱེད། མཐོ་ལ་མགོར་ཤི་ན་བྱ་རོ་དང་། དམའ་ཆུ་ཁར་ཤི་ན་ཉ་རོ་རེད། དགྲ་སྤྱང་ཀིས་ཟོས་ན་སྔོན་ལས་རེད། ཡང་མིན་ན་འདོ་བར་བདག་སྐྱོང་མཛོད། རྒྱུ་བདག་པོའི་སྲོག་བདག་ཕྱི་རུ་ཕུད། སྔར་སྲིད་པ་ཆགས་པའི་ཚུན་ཆད་ལ། རྟ་འདོ་བ་མི་ཡི་སྒོ་ཟོག་རེད། དེ་མུ་མཐུད་སྐྱོང་དང་གནས་བཟོད་བདེ། ད་སེམས་མེད་འཕྲུལརྟ་ཟོག་རོ་འདིས། ནམ་ཆག་སྒོ་ཅི་ཡོང་ངེས་པ་མེད། ཅེས་བརྗོད་དེ་སླར་ཡར་ལག་གཉིས་མཐོན་པོའི་དབྱིངས་སུ་བཏེགས་ནས་འཕྲུལ་རྟའི་སྟེང་དུ་རྨིག་ལྕགས་ཀྱིས་ཤུགས་ཀྱིས་བརྡེག་པར་རྩོམ་པའི་ཚེ། ཐང་དུ་འགྱེལ་བའི་འཕྲུལ་རྟར་སྲོག་གི་དབང་པོ་ཞུགས་པ་ལྟར་སྐད་ལྡིར་སྒྲ་གྲགས་པ་ཞིག་བསྒྲགས་པ་དང་། འཁོར་ལོ་གཉིས་རང་ཚུགས་སུ་ཡར་ལངས་ཏེ་ལུས་ཡོངས་སིག་སིག་གཅིག་བྱས་ཤིང་། འཁོར་ལོ་རྒྱབ་མ་ས་ལ་བཙུགས། མདུན་མ་བར་སྣང་ངོས་སུ་ཡར་ཙམ་བཀྱག མདུན་གྱི་གློག་སྒྲོན་ཤེལ་ཏོག་གཉིས་ལས་འོད་མདངས་མིག་གིས་བཟོད་པར་དཀའ་བ་ཞིག་སྤར་ནས་ངར་སྐད་དང་བཅས་འདི་སྐད་དོ།

  ཨ་ཙི་ཙི། རྟ་རྒན་ཤུགས་མེད་དེ་འདྲའི་ཧམ་པ་ཅན། ང་བདག་པོས་བྱམས་ཀྱིས་སྒོ་ལ་བསུས། ཁྱོད་ཅོག་རོང་ཕྲག་དོག་མེ་རི་འབར། གཏམ་ཚིག་གསུམ་ཁ་ལབ་མ་འཕྲོད་གོང་། ལུས་དོན་སྣོད་ཕོ་བར་ར་ཕུར་བརྡིག དེས་མ་ཚད་ཧམ་པ་ལུང་པ་གང་། ཁྱོད་ང་གཉིས་གཅིག་རྒྱུས་གཅིག་ལ་མེད། འཁོན་མེ་སྤུ་ཇི་བཞིན་འཛིན་དོན་ཅི། དུས་དེ་རིང་ཚིག་གསུམ་མ་བཤད་ན། ང་ཉམས་ཆུང་ཧམ་པས་ཟ་ཉེན་ཆེ། ཚུར་ཉོན་དང་ཅོག་རོང་བོང་བུ་ཁྱོད། གནའ་མི་བོད་ཀྱི་གཏམ་དཔེ་ལ། བཟང་དྲུག་སྨན་གྱི་སྦྱོར་སྡེབ་དེ། ལྟ་བ་ལོག་པས་དུག་ལ་སྒོམ། དཀར་པོ་དུང་གི་རང་མདངས་དེ། མཁྲིས་ནད་ཅན་གྱིས་སེར་པོར་མཐོང་། ང་ཚན་རྩལ་བུ་མོའི་རྒྱལ་སྲས་ལ། ཁྱོད་ཅོག་རོང་བོང་བུས་ཕུང་གསུམ་ཟེར། ཁག་མི་གདའ་རྟ་རྒན་སྣང་བ་མཐོ། ངའི་ཆ་རྒྱུས་ཡ་རྒྱུས་མ་ལོན་རེད། ང་འཕྲུལ་གྱི་རྟ་ཕོ་སེམས་མེད་འདི། བུ་རིག་པ་ཅན་གྱིས་བཟོས་ལེ་རེད། མི་དབང་ཐང་ཅན་གྱིས་ཉོས་ལེ་རེད། སོང་ཟེར་ན་འཛམ་གླིང་ཉིན་འགུག་རེད། བཞག་བཏང་ན་གཟིམ་ཆུང་འོད་ཀྱིས་ཁེངས། དངུལ་སྒོར་མོ་མེད་ན་ཅི་ལ་ཁུག སྔར་ཤིང་རྟ་འཁོར་ལོ་འབོད་ལུགས་དང་། བར་རྐང་འཁོར་ལྕགས་རྟ་འབོད་ཕྱོགས་ཀྱིས། མིང་སྦག་སྦག་མོ་ཐོ་འབོད་པ་ལས། ངག་འཕྲུལ་རྟ་འབོད་ན་སྣང་བ་བདེ། ངའི་རུས་པ་ལྕགས་དང་ཤ་ཁྲག་འགྱིག ཕུང་གྲུབ་ལུས་པོ་རྡོ་རྗེའི་བྲག ཟ་འཐུང་རྒྱགས་ཕྱེ་རྡོ་སྣུམ་ཡིན། རྐང་ལྕགས་ལ་འགྱིག་གི་རྨིག་པ་ཅན། མིག་གློག་སྒྲོན་ཞུ་མར་མདངས་ཆེ་གཉིས། སྒ་འཇམ་ཞིང་དྲོ་བའི་འབོལ་ཁྲི་གཅིག ཁ་གར་བསྒྱུར་ལྕགས་ཀྱི་རྭ་ཅོ་གཉིས། འགྲུལ་མགྱོགས་དལ་ཅི་འགྲོའི་སྣུམ་ཤུགས་དེ། ཆེ་ཆུང་ཅི་གཏོང་བདག་པོའི་ལག ཕོ་རང་བསྟོད་ཆེ་བ་མ་ཡིན་ཏེ། ཁྱོད་དུད་འགྲོ་རྟ་ཡི་འགྲན་ཟླ་མིན། དེ་མིན་ལུགས་འདྲ་མ་ཨེ་འདྲ་གདའ། ཁྱོད་འདོ་བའི་ཤ་ཁྲག་ཕུང་གྲུབ་དེ། མ་སླེབས་ལྕག་གིས་བྲབས་དགོས་ཡོང་། བྲབས་ན་ཆད་ནས་ཤི་ཉེན་ཆེ། ལག་མགོའི་ལྕགས་གཟེར་རྨིག་ལྕགས་དེ། མ་བརྒྱབ་ར་བཞི་གཙེས་ལེ་རེད། བརྒྱབ་ན་ར་རྙིང་[1]ཤོར་ལེ་རེད། ལག་སྲབ་མདའ་མ་གློད་འགྲོ་ལེ་མིན། གློད་ན་འཕག་འདྲོག་ལིང་ངེ་རེད། སྟེང་མི་བོ་མ་བཞོན་ས་མི་ཆོད། བཞོན་ན་འཕོངས་ལ་རྟ་ཤུ[2]འདོན། ང་སེར་ཆེན་ཉི་མའི་ཁ་ཞབས་ལ། ཁྱོད་སྲིན་པོ་མེ་ཁྱེར་ཡ་རེ་ང་། ང་རྒྱུ་སྐར་རྒྱལ་པོའི་མཐའ་བསྐོར་ལ། ཁྱོད་སྐར་མ་སྨན་དྲུག་ཟིལ་མདངས་ཉམས། བསམ་ཤེས་ན་འཇིག་རྟེན་ཆོས་ཉིད་རེད། བསམ་མ་ཤེས་རང་ཚོད་མ་ལོན་རེད། ངའི་ཀྲོང་ཀྲོང་རྣ་བས་ཐོས་ཚུལ་ལ། ཁྱོད་ཁྱི་འདོར་གནའ་མིས་འདི་ལྟར་འབོད། ཆུང་གཅེས་ཕྲུག་དགྲ་ལག་འཇོག་མཁན་དང་། གྱོད་བྱུར་ཉེས་ནང་ལ་འདྲེན་མཁན་གཉིས། ཟས་འགྲངས་རྒྱུ་མེད་པའི་ལྟོ་ལོང་ཅན། དེ་བདེན་ལེ་རེད་དམ་རྫུན་ལེ་རེད། འདོ་ཚེ་གང་ཆག་དང་གཟན་གྱིས་གསོས། དུས་ད་ལྟ་ལྟོ་མེད་ལས་མེད་རེད། ཁྱོད་དེ་འདྲའི་ལས་ཤིག་བྱེད་བསམས་ན། དམའ་ཐང་གའི་ཞིང་ཐང་རྨོས་པས་ཆོག ཕུ་རི་རྩེའི་འབུད་ཤིང་དབོར་བས་ཆོག ཁྱོད་རང་ཚོད་མ་ཟིན་ང་ལ་ངར། རྒས་སོ་མེད་རུས་མགོ་ལྤགས་པས་བཏུམས། ང་གཞོན་པའི་སྟེང་ལ་ཤོར་ཤོར་བྱེད། ཤིག་གསོད་པར་སྟ་རེ་འཕྱར་དགོས་མེད། ཚོད་ཟིན་ན་སྡུག་སྲོག་ཤོར་དོན་མེད། ཚོད་མ་ཟིན་ང་ལ་ལན་པ་མེད། ཅེས་བརྗོད་དེ་བརྒྱབ་ནས་དུ་བ་འཚུབ་འཚུབ་ཀྱིས་ལྡིང་སྐོར་དང་བཅས་འཁོར་ལོ་མདུན་མས་རྟ་ཕོའི་མགོ་རུ་ཞུ་རྩིས་བྱས་རུང་། རྟའི་ཨོག་མའི་མཚམས་ལས་མ་སྙོབས་པས་ས་སྟེང་དུ་མར་བབ་ནས་རྟ་རྒན་རག་པའི་རྐང་པར་བསྡིར་ནས་ཤོར་ཤོར་བྱེད།

  རྟ་རྒན་གྱི་བསམ་པར་དེ་རིང་གསར་དུ་འབྱོར་མ་ཐག་པའི་ལྕགས་རོ་ཞིག་གིས་དམའ་འབེབས་དང་ཁྱད་གསོད་འདི་ལྟ་བུ་བྱས་པར་བཟོད་སྒོམ་བྱས་ཚེ། ང་འདོ་བ་རྟ་ཕོའི་ལ་རྒྱ་འཆོར་འགྲོ གནས་ལུགས་དང་རྒྱུ་མཚན་དྲངས་དགོས་བྱུང་ན་ཁོ་ངའི་དོ་ཟླ་མིན་ལ། དཔའ་དང་དཔུང་པ་ཚད་དགོས་བྱུང་ཡང་ཨ་མའི་བུ་སུ་ཡིན་ད་ལྟ་ཁ་ཚོན་གཅོད་པར་སྔ། ཁོའི་སྣུམ་དམ་སྟེང་རྨིག་ལྕགས་ཞུས་པ་ཅུང་ཐལ་དྲགས་ཀྱང་ད་ནི་འཕངས་ཟིན་པའི་མདའ་མོ་ལོག་པའི་ཐབས་མེད། གཏམ་ལ་གཏམ་ལན་མེད་ན་ལྐུགས་པ་དང་ཟས་ལ་ཟས་ལན་མེད་ན་ཁྲེལ་མེད་ཡིན་པས་ཡིན་མིན་དབྱེ་འབྱེད་ཀྱི་གནས་ལུགས་འགའ་ཞིག་མ་དྲངས་ཚེ་འགྲིག་ཐབས་མེད་སྙམ་ནས་འདི་སྐད་དོ།

  ཚུར་ཉོན་དང་ལྕགས་རོ་ཁ་ཕོ་ཅན། ཁྱོད་ཕོ་གསར་ངར་ངར་མ་བྱེད་ཨང་། ཁྱོད་ཕོ་གསར་ངར་དེ་ཁྱི་ངར་རེད། ཁྱི་རྒྱ་ཁྱིར་རྣ་རྒྱུག་མ་སྤྲད་ན། སྙོམས་ཆུང་སྟེང་ལ་འབ་སྒྲ་ཆེ། སྣ་བེར་ཀ་ཐུག་དུས་སྒྱིད་པ་ཞ། ངས་ཕར་བལྟས་མིག་གི་ཚུར་གསལ་ལ། ཆུང་ཨ་ཉོག་སྣང་བ་མཐོ་ཙམ་གདའ། ཁྱོད་འཕྲུལ་རྟས་ལམ་ལ་སོང་ལེ་ལས། ང་རྟ་ཕོས་ཟམ་པ་བརྒལ་ལེ་མང་། ཁྱོད་ཨ་ཉོག་གོམ་པ་མ་ལོབས་གོང་། ང་སྡེ་མགོ་སྐྱོང་བའི་ཕ་རྒན་ཡིན། ཁྱོད་རང་སྐྱོན་ཁོག་མ་གང་དེ་སྦས། གཞན་སྐྱོན་ཟ་རུ་གང་དེ་འཕྱར། ཁྱོད་རུས་པ་ལྕགས་དང་ཤ་ཁྲག་འགྱིག སྐུ་གཟུགས་རྡོ་རྗེའི་བྲག་ཡིན་ཟེར། དེ་ཟེར་ཡང་ཟེར་ཏེ་བདེན་ཡང་བདེན། ཕར་ལྟོས་དང་རི་རྒྱལ་ལྷུན་པོ་འདི། གནའ་སྔ་མོ་ཚང་ཚིང་ནགས་ཀྱིས་གཏུམས། སྐྱིད་རི་དྭགས་སྣ་འཛོམས་གཡུ་ལོའི་ཞིང་། དུས་དེང་སང་ས་རོ་རྡོ་རོས་ཁེངས། རྡུལ་ཐལ་བ་བུ་ཡུག་འཚུབ་འཚུབ་རེད། ལས་ངན་པ་བཟང་པོར་སྒོམ་མཁན་ཁྱོད། ཁྱོད་རོ་ལུས་ལྕགས་ལས་གྲུབ་ནའང་། རི་རྒྱལ་ལྕགས་རྡོ་བཏོན་ནས་བྱུང་། ཁྱོད་འཐུང་རྒྱུའི་སྣུམ་དེ་རྡོ་སྣུམ་ཟེར། དམའ་རྒྱ་མཚོའི་མཐིལ་ཞབས་བརྟོལ་ནས་བླངས། ནམ་རྒྱ་མཚོ་འཁྱོམས་པའི་སྔ་ལྟས་རེད། རྣ་སྦུག་ནས་འཕྱུར་བའི་དུ་ནག་དེ། གནས་གམ་གཙང་འདི་ཡི་གཤེད་མ་རེད། ལར་མཁའ་རླུང་བཙོག་སྐྱོན་འབྱུང་བའི་གཞི། ཁྱོད་འདྲ་ལེའི་འཕྲུལ་ཆས་མང་སོང་དུས། མཐོ་ནགས་རི་སྤང་རི་རྐེད་ནས་བཏུབས། དམའ་དོག་མོའི་ས་གཞི་རྨ་ཁས་ཁེངས། དེ་ནས་འབྱུང་བ་རིམ་གྱིས་འཁྲུག ས་ཆེན་མཁའ་ལ་འཕགས་དང་གཅིག གོ་ལའི་ཚ་དྲོད་འཕར་དང་གཉིས། མཁའ་རླུང་དྲོད་གྲང་མི་སྙོམས་གསུམ། ཕྱི་སྣོད་བཅུད་ཉམས་ལུགས་དེ་འདྲ་རེད། ང་འདོ་བའི་འགྲུལ་བཞུད་དལ་ན་ཡང་། སླེབས་དགོས་ངེས་ས་ལ་འབྱོར་ངེས་རེད། ཁྱོད་འཕྲུལ་རྟའི་འགྲུལ་བཞུད་མགྱོགས་ན་ཡང་། སླེབས་མི་དགོས་ས་ཆར་བསྐྱལ་བ་མང་། ང་འདོ་བས་རང་བསྟོད་མ་ཡིན་ཏེ། སྔར་སྲིད་པ་ཆགས་པའི་ཚུན་ཆད་ལ། རྟ་འདོ་བ་ཟེར་དུས་རབ་གཅིག་རེད། འགྲོས་གོམ་པ་ཟེར་དུས་བརྗོད་མེད་རེད། སྔར་རི་དྭགས་ཤོད་ལ་བརྟུལ་བ་ནས། ཁྱོད་འཕྲུལ་ཆས་བསྟན་པ་མ་དར་གོང་། ཕྱི་འགྲོ་དོན་སྐྱོང་བའི་སྐྱོང་ལུགས་དང་། ནང་ཕུ་ནུའི་ཐོན་སྐྱེད་འཚོ་བ་སོགས། ང་འདོ་བའི་སྤྱོད་གོ་གང་འདྲ་ཡོད། ངས་མི་ཤོད་སེང་གེ་གྲཌ་ལ་དྲིས། ཚུར་ཉོན་དང་ཉ་མོ་སྤུ་མེད་ཁྱོད། ང་འདོ་བའི་རྒྱན་ཆ་རོབ་ཙམ་གླེང་། 

   གཞན་རང་དང་གླེང་དགོས་མི་འདུག་སྟེ། །ང་འདོ་གྲུག་རྟ་ཕོ་རྫོ་ལེ་དང་། །རང་སྡེ་མི་འདི་ཚོའི་འཚོ་སྡོད་གཉིས། །ཆུ་འོ་མ་ཇི་བཞིན་མཉམ་དུ་འདྲེས། །ཁྱོད་ཕྱི་མི་ཞིག་དང་གང་ནས་འདྲ། །དཔེ་བླངས་ན་འདྲ་མ་ཨེ་འདྲ་ཡོད། །ཁ་ལོང་དངུལ་དཀར་ཆ་སྒྲིག་འདི། །དཀར་པོ་དངུལ་གྱི་དྭངས་མ་རེད། །མགར་མཁས་པའི་ལག་ནས་ཐོན་ལེ་རེད། །སྲབ་མདའ་གབ་རྩེ་སྒོར་སྒོར་འདི། །རྒྱུ་སྤུན་བལ་དང་སྲིན་སྐུད་རེད། །དམན་བལ་ལས་ཅན་གྱིས་གཏགས་ལེ་རེད། །ལིང་ཤང་སིང་སྒྲ་འཁྱིལ་ལེ་དང་། །ཏིང་ཏིང་བསིལ་སྙན་བརྡུང་འདྲ་འདི། །བལ་པོའི་ཡུལ་གྱི་ལི་མ་རེད། །དབུས་ལྷ་སའི་ཁྲོམ་ནས་ཉོས་ལེ་རེད། །སྒ་ལྷུ་བཞི་པད་མ་རང་གྲུབ་ལ། །ཕོ་ལ་ལས་གསེར་སྒ་ཉི་ཤར་ཟེར། །ཕོ་ལ་ལས་སྡེ་དགེའི་པད་ཆུང་ཟེར། །ཕོ་ལ་ལས་རྒྱ་གར་ཀོ་སྒ་ཟེར། །སྟེང་མི་བོ་བདེ་བའི་གཡབ་ཁྲི་ཡིན། །ཤིང་ཙན་དན་ཤིང་དང་ལྕག་དཀར་རྒྱུག །ལྷུ་སྒྲིག་ལེ་མ་རེད་འགྲིག་ལེ་རེད། །བཟོ་མཁས་པ་མེད་ན་ཅི་ལ་འགྲིག །ཐོག་གྲུམ་ཙེ་བྱ་འབྲུག་ཁ་སྤྲོད་ལ། །དབུས་མགོ་སྣམ་ཚོན་སྣས་མཐའ་ནས་བརྒྱན། །འོག་རྟ་ཕོ་འཇམ་པའི་འཇམ་གདན་ལ། །བར་གཟར་གདན་ཕྱིང་དཀར་གྲུ་བཞི་བཀབ། །ལུག་གཡང་མོའི་བལ་གྱི་དྭངས་མ་རེད། །རྐང་ཡོབ་དཀར་ཆུ་སྲིན་ཁ་སྤྲོད་ལ། །ཡོབ་ཐག་གཡག་ཀོའི་གཞུང་ཀོ་བསྒར། །རྨེད་ཤྭ་རྨེད་གྲུག་དཀར་ལེབ་ཆེན་དང་། །གློ་འདོམ་གང་དངུལ་གྱི་ཆབ་མགོ་ཅན། །ལག་ལྕག་ཚན་རྒྱུན་བུ་བཞི་ལྷས་སོགས། །ད་གཅིག་གཅིག་གཉིས་གཉིས་དྲངས་དགོས་ན། །ནམ་ཉིན་མཚན་བསྟུད་ནས་དྲངས་དགོས་ཡོང་། །ངས་དཔེ་ཙམ་བཤད་ན་དེ་འདྲ་རེད། །ཡང་གཅིག་གསོན་དང་ཌ་རུ་མགོ། །ཁྲོམ་མི་དམངས་འདུ་འཛོམས་བྱེད་ཉིན་མོ། །འགྲོས་གོམ་པའི་བང་རྩལ་འགྲན་ཉིན་མོ། །སྟག་ཤར་པ་ཝ་དམར་གྲྭ་ལོ་ཅན། །དཀར་ཆུང་ལུ་གུའི་ཚ་རུ་ལ། །ཧེལ་གེ་ངང་དཀར་ཐིག་རིས་བཀྲ། །མཐའ་ནས་ཆུ་སྲམ་ཁམ་པས་བརྒྱན། །ཁོག་སྟོད་འབུ་རས་དཀར་ཞིང་དྭངས། །རྐང་པའི་ལྷམ་ཆུང་འཇའ་རིས་བཀྲ། །ལུས་རྩལ་དྲུག་གཡས་འགྱུར་གཡོན་འགྱུར་དེ། བྱ་འདབ་ཆགས་བརྒྱ་ཡི་དོ་ཟླ་མིན། །གོང་མི་ཕོ་རླུང་ལ་བཞོན་འདྲ་བོས། །དམན་བུ་མོ་བརྒྱ་ཡི་བློ་སེམས་དཀྲུག ། ཕོ་ང་རྒྱལ་ཅན་ཚོའི་སྙིང་རྩ་འདར། །ང་འདོ་བས་འོག་གི་ས་གཞི་དཀྲུག །ལག་རྨིག་པ་ཐང་ལ་རེག་བསམ་སྙམ། །རྐང་སུག་བཞིས་རླུང་འཁོར་ཆིབས་འདྲ་ལ། །འགྲོས་གོམ་པ་མདའ་མོ་ལྟོང་བྲལ་ངང་། །འུར་ལྡིང་ངེ་ཁྲོམ་ཚོགས་བཤགས་ཡོང་དུས། །ཕྱོགས་ཁ་བཞི་ཡི་སྐུ་མགྲོན་ཁྲི་མ་འབུམ། །ནང་ཕུ་ནུ་མིང་སྲིང་ཁྲ་འཛོམས་དབུས། །བན་བླ་མའི་གསོལ་མཆོད་འབུལ་ས་གཅིག །གོང་དཔོན་པོས་བསྔགས་བརྗོད་བྱ་ཡུལ་གཉིས། །མིག་ཁྲ་ཆུང་ལྟད་མོ་ལྟ་ས་གསུམ། །ངག་བསྟོད་པའི་བཤད་པ་རྒྱག་ས་བཞི། །ལག་བརྙན་པར་འཕྲུལ་ཆས་ལྡིར་ས་ལྔ། །མི་མགོ་ནག་ཡིད་དབང་འཕྲོག་མི་དེ། །ཁྱོད་འཕྲུལ་གྱི་རྟ་ཕོ་ཨེ་ཡིན་ནམ། །ང་རྟ་ཕོའི་དགེ་མཚན་ཅི་ཡོད་དེ། །ད་མང་པོ་མི་གླེང་དེ་གས་ཆོག །ཉི་མ་སུ་དང་མེ་ཁྱེར་སུ། །ཟླ་བ་སུ་དང་སྨིན་དྲུག་སུ། །ཁྱོད་ཞར་བ་མིན་ན་མཐོང་ཚོད་རེད། །འོན་པ་མིན་ན་གོ་ཚོད་རེད། །ལྐུགས་པ་མིན་ན་ཤེས་ཚོད་རེད། །ད་སེར་པོ་གསེར་ལ་སེར་སྐྱོར་དང་། །ནག་ཆུང་སྲན་མར་བསྒྲིལ་སྐྱོར་གཉིས། །མི་དགོས་ཕར་བལྟས་ཚུར་གསལ་རེད། །བསམ་ཤེས་ན་གནས་ལུགས་དེ་འདྲ་རེད། །བསམ་མ་ཤེས་ཚིག་ལ་འགྲེལ་བ་མེད་ཅེས་བརྗོད།

  འཕྲུལ་རྟའི་སྐད་ཅིག་ཉིད་དུ་ཕ་རོལ་ཤུལ་མེད་དུ་གཏོང་དགོས་སྙམ་པའི་ང་རྒྱལ་དང་ཞེ་སྡང་དེ་ཅུང་ཞི་འཇམ་དུ་སོང་བར་བལྟས་ན། རྟ་ཕོའི་སྐད་ཆ་དེ་དག་ཁོའི་སེམས་ལ་ཅུང་ཟད་འཐད་པ་མིན་ནམ་སྙམ་མོད། སླར་ཡང་འདི་སྐད་དོ།

  འོ་ལགས་སོ་འདོ་བ་རྟ་ཕོ་ལགས། །སྔར་ཕུ་ཡི་གངས་རི་ཆགས་ལུགས་དང་། །མདོའི་གཙང་ཆབ་སྔོན་མོ་རྒྱུག་ལུགས་སོགས། །ངས་མི་ཤེས་སེང་གེ་གྲགས་པར་དྲིས། །ངའི་ཁྲ་ཆུང་མིག་གིས་རིག་ལེ་དང་། །དར་ལུང་རྣ་བས་ཐོས་ལེ་གཉིས། །མི་ཉམ་ཆུང་གསར་དུ་སླེབས་མ་ཐག །ཁྱོད་ཅོག་རོང་ཞེ་སེམས་གཏིང་ནས་འཁྲུག །ལག་ར་ཕུར་ལྕགས་ཐོས་ང་ལ་བརྡེགས། །ལས་སྡུག་ཡུས་འབོ་གང་བདག་པོར་བཤད། །ཁྱོད་ང་གཉིས་གཅིག་རྒྱུས་གཅིག་ལ་མེད། །སྔར་ཞེ་འགྲས་འཁོན་འགྲས་གསོག་མ་མྱོང་། །ང་དེ་རིང་འབྱོར་བའི་ཕྱི་མི་ཡིན། །སང་ཉིན་བདག་པོའི་གཅེས་ཕྲུག་ཡིན། །གནངས་ཉིན་འགྲུལ་གྱི་གཙོ་བོ་ཡིན། །དེ་ཨེ་རེད་མཇུག་ཏུ་བལྟས་པས་ཆོག །ངས་བསམ་བློ་བཞི་སུམ་བཅུ་གཉིས་བཏང་། །བློ་རྩེ་ཉི་ཤུ་རྩ་ལྔ་བསྐོར། །གཞོགས་གཡས་པ་ཕབ་ནས་རང་བསམ་བཏང་། །གཡོན་མ་ཕབ་ནས་མི་བསམ་བཏང་། །མགོ་དཀྱིལ་ལ་བཞག་ནས་སྤྱི་བསམ་བཏང་། །གནའ་མི་བོད་ཀྱི་གཏམ་དཔེ་ལ། །ཁྱོད་བསྐོར་རྒྱུ་ཚེར་མར་བསྐོར་ན་ཡང་། །སྡིག་རྒྱུ་ཨ་ཕོ་རི་བོང་རེད། །ཤོད་རྒྱུ་བུ་མོར་བཤད་ན་ཡང་། །རྒྱག་ས་ནང་གི་མནའ་མ་རེད། །ཚིག་པ་གཡག་ལ་ཟོས་ན་ཡང་། །མགོ་ལྕག་འོག་གི་རྟ་ལ་རེད། །དེ་རིང་བཤད་པའི་སྐད་ཆ་ལ། །རྒྱུ་མཚན་ཅི་ཡོད་མ་ཤེས་ཏེ། །ཡང་མིན་ན་གོ་བ་མ་ལོན་རེད། །ཡང་མིན་ན་གོ་ཕྱོགས་ལོག་སོང་རེད། །ཁྱོད་ང་གཉིས་དབར་ལ་རྩོད་དགོས་མེད། །རྒྱུ་བདག་པོས་ཅི་བཀོལ་བདག་པོའི་ལག །ད་རང་བསྟོད་གཞན་དམོད་རྩོད་མཚམས་འཇོག །དེ་རྩོད་ནས་ནམ་གཞུག་འཁྱོངས་ལེ་མིན། །བློ་ཁོག་པ་མ་འཁྱོག་དྲང་པོར་སྨྲ། །ཁྱོད་རྟ་ཕོས་མཐོང་ཚོད་རིག་ཚོད་རེད། །དུས་དེང་སང་ཚན་རིག་ཡར་དར་རེད། །མི་མགོ་ནག་འདོད་བློ་ཁེངས་མེད་རེད། །སྐྱིད་ཟ་རྒྱུ་ཉལ་རྒྱུར་སུ་ཡང་ཞེན། །ལག་ངལ་རྩོལ་བྱ་རྒྱུར་སུ་ཡང་འཚེར། །ལས་ཅི་ཡིན་སྟབས་བདེ་ཅན་དུ་བསྒྱུར། །སྒོས་འཕྲུལ་ཆས་སྣ་ཚོགས་དར་བའི་དུས། །གནའ་སྔ་མོའི་འགྲིམ་འགྲུལ་ངང་གིས་ནུབ། །དེ་དུས་ཀྱི་འཕེལ་ཕྱོགས་མ་གཏོགས་པའི། །ང་འཕྲུལ་ཆས་རིགས་ཀྱིས་བདམས་ལེ་མིན། །ད་དེ་རིང་ཉི་མའི་གདོང་གང་ལ། །ཁྱོད་ང་གཉིས་ཇི་ལྟར་རྩོད་ན་ཡང་། །ཆུ་དཀྲོག་ནས་མར་ལོ་ཡོང་དོགས་མེད། །ཉི་མ་འདི་ཡི་ཕན་ཆོད་ལ། །ཁྱོད་གཡང་མོ་སྤང་འདོད་སྤང་ལ་སོང་། །ང་ཙི་ཙི་བྲག་འདོད་བྲག་ལ་འགྲོ། །ལར་གཉིས་ཀར་འཁོན་འཛིན་མེད་རྒྱུ་བྱེད། །གཏམ་སེར་པོ་གསེར་གྱི་ཐིགས་པ་ཡིན། ། མ་འཁྱོག་བློ་ཡི་དྲང་གཏམ་ཡིན། །གོ་ན་སྙིང་གཏམ་དྲོན་མོ་ཡིན། །མ་གོ་ཚིག་ལ་འགྲེལ་པ་མེད་ཅེས་བརྗོད་པའི་ཚེ། ཟུར་དུ་ཁོ་གཉིས་ཀྱི་ཚིག་རྩོད་ལ་ཉན་བཞིན་པའི་ཕ་རྒན་སེང་གེ་གྲགས་པ་དང་། ཆུང་མ་བྱང་ཆུབ་སྒྲོལ་མ་གཉིས་ཁ་ལས་མིག་ཆེ་བ་གདངས། སྔར་ཐོས་མྱོང་མེད་པའི་ཡ་མཚན་གྱི་ལྟད་མོ་ཇི་ལྟ་བུ་ཞིག་མཐོང་བ་ལྟར་གཡོ་འགུལ་ཅི་ཡང་མེད་པར་ཧ་ལས་ཧང་སངས་ནས་ལུས། ཡུད་ཙམ་སོང་རྗེས་སེང་གེ་གྲགས་པས་ལག་ནང་གི་དབྱུག་པ་ཐང་ལ་གཡུགས་ཏེ་འདི་སྐད་དོ།

  དེ་རིང་གནམ་ལ་སྐར་མ་བཟང་། །དེ་རིང་ས་ལ་དུས་ཚོད་བཟང་། །བཟང་གསུམ་འཛོམས་པའི་ཉིན་མོ་ལ། །བཤད་མ་མྱོང་བེམ་པོས་མི་སྐད་བཤད། །སྤྲད་མ་མྱོང་འདོ་བས་ཁ་ལབ་བརྒྱབ། །ཡང་མིན་ན་བུ་ཆུང་འཁྲུལ་སོང་རེད། །ཡང་མིན་ན་བུ་ཆུང་འཆོལ་སོང་རེད། །ཨ་འཆོལ་འཕྲུལ་གཉིས་ཀ་མ་རེད་དེ། །ངའི་མིག་རིག་ལག་འཛིན་བྱུང་གསལ་ལ། །གཅིག་སེམས་མེད་བེམ་པོ་འཕྲུལ་གྱི་རྟ། །ནམ་སྔ་དྲོ་ལྷ་སའི་ཁྲོམ་ནས་ཉོས། །དགོང་ཕྱི་དྲོ་ཨོ་ལོའི་སྒོ་ལ་འབྱོར། །གཅིག་ཚེ་གང་བློ་རྟ་རག་པ་ཡིན། །སྔར་མི་སྐད་བཤད་ཚུལ་མ་ཤེས་ཀྱང་། །འདོ་མི་སྐད་བཤད་པ་དེ་རིང་ཡིན། །རྟ་དེ་གཉིས་ང་ཡི་སྒོ་ལ་འཛོམས། །བུ་བསོད་ནམས་ཅན་གྱི་སྒོ་ཟོག་རེད། །ད་ཁྱོད་གཉིས་ཕར་རྩོད་ཚུར་གླེང་གི། །གཏམ་མ་ལུས་སེང་གེ་གྲགས་པས་ཐོས། །ཚིག་རྩ་བ་ཅན་ལ་ཉན་རྒྱུ་དང་། །ཤ་རུས་པ་ཅན་ལ་འཐོག་རྒྱུ་གདའ། །ད་ལན་གཅིག་གསོན་དང་རྟ་ཕོ་གཉིས། །ཕོ་རང་གི་ལྟ་ཚུལ་རེ་ཟུང་གླེང་། །ང་ཕོ་ལོ་བཞི་བཅུ་གདན་ལ་བཏིང་། །རྒས་ཉམས་མྱོང་ཅན་ཞིག་མ་ཡིན་ཡང་། །ཆུང་རང་ཚུགས་མི་ཐུབ་བྱིས་པ་མིན། །ངའི་ཚེ་སྟོད་མི་ཚེའི་བགྲོད་ལམ་ན། །གོང་བློ་རྟ་རག་པས་བཤད་པ་ལྟར། །རྟ་འདོ་བ་ལུས་དང་གྲིབ་མ་ཡིན། །རྒྱུ་སྤུ་རྩིད་འཁལ་ནས་རེ་ལྡེ་གཏགས། །གཞིས་ཕ་ཁྱིམ་མཐིང་སྨུག་སྦྲ་ལ་སྤྱིལ། །ཁལ་གཡག་གུ་ཁྱུ་ལ་སྒ་ཆ་སྒྲིག །བྱང་ཚྭ་མཚོའི་ཁ་ལ་གཡས་བསྐོར་བརྒྱབ། །དབུས་ལྷོ་རོང་མཐིལ་ལ་གཡོན་བསྐོར་བརྒྱབ། །ཁ་མཚར་གཏམ་དང་ལས་གླུ་སོགས། །ངག་སྨྲ་བརྗོད་རྩེད་མཚར་རྫོགས་དུས་མེད། །འཛུམ་སོ་དཀར་གདོང་ལས་ཡལ་དུས་མེད། །ཞེ་སྙིང་རུས་ཆེ་ལ་སྡུག་རུས་འཁྱོག །སྤྱང་བློ་རིག་བཀྲ་ལ་སྙིང་སྟོབས་ཆེ། །རྒྱུན་ཐོན་སྐྱེད་འཚོ་བའི་ཡོ་བྱད་དག །རྒྱུ་ཅི་མཁོ་རང་གི་ལག་ནས་ཐོན། །དེ་མ་གཏོགས་མང་པོའི་དགོས་པ་མེད། །སྤྱིར་དུས་ཀྱི་འཕོ་འགྱུར་ཟེར་ན་འགྲིག །ལར་སྤྱི་ཚོགས་འཕེལ་རྒྱས་ཟེར་ཡང་ཆོག །ལྷག་ཚན་རིག་དར་རྒྱས་ཆེ་བས་ན། །གོང་འཕྲུལ་གྱི་རྟ་ཕོས་བཤད་པ་ལྟར། །གཞིས་སྡོད་ཁང་ཨར་འདམ་རྡོ་ཡིས་བསྐྲུན། །དེ་དཀར་ཆ་དོད་ཅིང་དྲོ་གྲང་སྙོམས། །མཚན་གློག་སྒྲོན་ཉི་ཟེར་འཕྲོས་འདྲ་དང་། །ནང་གློག་ཆས་སྣ་རིགས་སྤུ་ཚོགས་ཀྱིས། །ལས་ཆུང་ཙག་སྟབས་བདེ་ཅན་དུ་གྱུར། །དེ་ལས་ཆོད་ཆེ་ཞིང་ངལ་དུབ་ཆུང་། །མིག་ལྟད་མོའི་བརྙན་འཕྲིན་འཕྲིན་ལམ་མང་། །དེ་ནང་དོན་ཟབ་ཅིང་སྣ་ཁ་མང་། །འགྲུལ་ཁོད་སྙོམས་སྣུམ་ནག་གཞུང་ལམ་ཐོག །འཕྲུལ་འཁོར་རིགས་གྲོག་ཚང་བརྡོལ་བ་འདྲ། །དེ་འཁུར་ཤུགས་ཆེ་ཞིང་དུས་ཚོད་མྱུར། །དེ་བསམ་ན་སྔ་མོའི་མཁོ་བྱད་དག །རྒྱུ་སྤུས་དག་མ་རེད་མི་ཟེར་ཡང་། །ཕལ་ཆེ་བ་ལས་འཁྱུར་ངལ་གསོ་བཞག །དུས་དེང་སང་རྟེན་རྫས་བཤམས་མཛོད་ཀྱི། །ཁྲི་མཐོན་པོའི་ཤེལ་སྒྲོམ་ནང་ལ་བཞུགས། །ངས་དེ་རིང་འཕྲུལ་རྟ་ཁྲོམ་ནས་ཉོས། །དེ་ཨ་གསར་ཆེ་སོང་མ་རེད་དེ། །ཡུལ་བབ་དུས་ཀྱི་འགྲོ་སྟངས་རེད། །ལར་ཕྱི་འགྲོའི་མཁོ་བྱད་གཙོ་བོ་རེད། །སྤྱིར་འཕྲུལ་ཆས་ཉེན་ཁ་ཆེ་ན་ཡང་། །དུས་རྒྱུན་དུ་བདག་སྐྱོང་ཡག་དང་གཅིག །ཁ་བསྒྱུར་མིའི་བློ་ཁ་ལྷིང་དང་གཉིས། །སྒོས་བཀོལ་སྤྱོད་ལག་རྩལ་བྱང་ཆུབ་ན། །དེ་ཡང་མི་དགེ་ཅི་ལ་ཡོད། །ཡང་གཅིག་གསོན་དང་འདོ་བ་རྟ། །དབྱར་སྦྲང་ཆར་བསིལ་མས་ས་གཞི་བརླན། །ཁྲ་ཚོམ་མེ་ཏོག་སྤང་ལ་བཞད། །དགའ་ལྷང་ལྷང་འདུ་ར་ཚུགས་ཡོང་དུས། །ཁྱོད་འདོ་བའི་རྩལ་རྩེད་ཇེ་མང་རེད། །འགྲོས་གོམ་པའི་གོམ་ལག་ཇེ་མཐོ་རེད། །སྒ་གསེར་སྲབ་རྒྱན་ཆ་ཇེ་བཀྲ་རེད། །དེ་བསམ་ན་འདོ་བའི་བསྟན་པ་དེ། །རྒུད་པ་མི་འདྲ་དར་བ་འདྲ། །སྒོས་དམངས་ཁྲོད་ལག་ཤེས་ཉིང་བཅུད་ཁག །ཕྱོགས་ཁ་བཞིའི་ཁྲོམ་རར་འགྲིམས་ཙ་ན། །དངུལ་སྒོར་མོ་ཆར་པ་འབབ་ལེ་རེད། །སྔར་གནའ་མི་བོད་ཀྱི་གཏམ་དཔེ་ལ། །ལུས་གུག་རྒྱུ་བྲེ་སེར་འབྲོང་ལ་ཡོད། །ཁ་རྒས་རྒྱུ་དམར་ཡག་སྟག་ལ་ཡོད། །དེ་ཟེར་ཡང་ཟེར་ཏེ་བདེན་ཡང་བདེན། །ང་སེང་གེ་གྲགས་པའི་བློ་རྟ་ཁྱོད། །ནམ་ན་རྒས་འཆི་བདག་མ་ཟིན་བར། །ངས་ལྟོ་མེད་བདག་མེད་བསྐྱུར་དོགས་མེད། །དེ་བསྐྱུར་ན་བདག་པོ་ཁྲེལ་མེད་རེད། །གཞན་གཙང་ཆེན་ཁ་ཡི་རླབས་རིས་དེ། །སྔ་མའི་ཚད་ལས་ཕྱི་མ་མཐོ། །དེ་ཡང་གཅིག་རྗེས་གཉིས་མཐུད་རེད། །རྗེས་མས་སྔ་མ་བསྣུབ་རྒྱུ་དེ། །བཟློག་མེད་ཁ་ཕྱོགས་ཡིན་གྱི་ན། །བསྐོས་པ་ཐོད་པའི་རི་མོ་དེ། །བསུབ་ནས་སུབ་རྒྱུ་ཡོད་ལེ་མིན། །དེ་ལས་རི་མོའི་འགྲོས་དང་བསྟུན། །ད་རྟ་གཉིས་རྩོད་པའི་དགོས་པ་མེད། །རང་རང་ཚང་ལ་རང་རང་སོང་། །གཏམ་གོ་ན་གསེར་གྱི་ཐིགས་པ་ཡིན། །མ་གོ་ཚིག་ལ་འགྲེལ་སྐྱོར་མེད་ཅེས་བརྗོད་དེ་འཕྲུལ་རྟ་སྒོ་རའི་ནང་དུ་བསྡུས། རྟ་རྒན་རག་པས་སེང་གེ་གྲགས་པའི་རྒྱབ་ངོས་སུ་ཕྱོགས་ཏེ། ཡང་ལན་གཅིག་གསོན་དང་སེང་གེ་གྲགས། མ་གུག་མདའ་འདྲའི་གཏམ་ཞིག་གླེང་། །མ་འཁྱོག་བློ་ཡིས་གྲོས་ཤིག་འདེབས། །ཕ་ཨ་ཁུ་སྟག་སེང་ཁ་སྤྲོད་དུས། །བྱང་རྡོ་རྗེའི་བྲག་ལ་ཉག་ག་གཏོད། །བུ་ཚ་བོ་ཁྱི་མགོ་སྙོམས་པའི་དུས། །བྱང་བྱེ་མའི་དཀྱིལ་ལ་ཉག་མི་དོད། །དཔེ་བླངས་ན་འདྲ་མ་འདི་འདྲ་གདའ་ཞེས་མུ་མཐུད་གླེང་བྱུང་བ་ན། །སེང་གེ་གྲགས་པས་འཕྲུལ་རྟ་སྒོ་རའི་ནང་བསྡུས་ཟིན་རྗེས་ཕྱིར་ཐོན་ཏེ་བློ་རྟ་རག་པ་ཁྱོད་མང་པོ་གླེང་བའི་དགོས་པ་ཆུང་། མགྱོགས་པོ་རྟ་རའི་ནང་དུ་ཆག་བཟའ་བར་སོང་ཞེས་བརྗོད་དེ་ཐད་ཀར་ཁྱིམ་དུ་འཛུལ་ནས་སྒོ་བརྒྱབ་པས། རྟ་རྒན་ཡང་མགོ་བོ་དུད་དེ་རྟ་རའི་ནང་ཕྱིར་བསྐྱོད་དོ།

[1] རྨིག་ལྕགས་ཀྱི་གཟེར་རྟའི་ལག་མཐིལ་གྱི་ཤ་ངོས་སུ་ཤོར་ན་འགྲོ་སྐྱོད་མི་འཕེར་བར་གོ

[2] རྟ་རྩལ་བྱང་པོ་མེད་ཚེ་རྟ་སྒས་བརྡར་ནས་འཕོངས་འདོའི་པགས་པ་བཤུས་ཏེ་རྨ་བཟོས་པར་གོ

ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། 

ལྟ་སྐུལ་བ། དོན་འགྲུབ།ཆོས་གྲགས།

རྩོམ་སྒྲིག་པ།བློ་ཐུབ་བསྟན།

གསར་འགྱུར།

ཁྱེད་ཀྱིས་དོ་ཁུར་དང་མཉམ་སྤྱོད་བྱ་རྒྱུ་ནི་ངེད་བརྙན་འཕྲིན་ཁང་གིས་ཁྱེད་རྣམ་པའི་འདོད་པའི་རེ་བ་བཀང་ཐུབ་པའི་སྒུལ་ཤུགས་ཡིན་པས་ཀློག་པ་པོ་དག་གིས་རྒྱབ་སྐྱོར་བྱེད་རྒྱུ་མ་བརྗེད་པར་ཞུའོ།།

འབྲེལ་གཏུག་བྱ་ཡུལ།

ཁ་པར། (0836)2838261

ཡིག་སྒམ། 157969367@qq.com

——དྭངས་གཙང་དཀར་མཛེས།

དྲ་གྲོགས་དཔྱད་བརྗོད།
དྲ་གྲོགས་ཀྱིས་དཔྱད་བརྗོད་དེ་རང་གི་ལྟ་བ་ཡིན་པ་ལས་ངེད་ལས་ཁུངས་ཀྱི་ལྟ་ཚུལ་མིན།
0
དཔྱད་བརྗོད།(0)
ཉར་ཚགས།
ནང་དོན་གསར་པ།
འབྲེལ་ཡོད་ངོ་སྤྲོད།
ཕར་བརྗེ།