ལོ་ཙཱ་བ་ཆེན་པོ་ཀ་ཅོག་ཞང་གསུམ་གྱི་བྱུང་ཚུལ་རགས་ཙམ་གླེང་བ།།
ར་སེ་དཀོན་རྒྱམ།།
ཁོང་རྣམ་པ་གསུམ་ནི་བོད་བཙན་པོའི་དུས་རབས་ཀྱི་ནང་དུ་བཙན་པོའི་རྒྱལ་གཞུང་གིས་མཐུན་རྐྱེན་གནང་བར་བརྟེན་ཏེ།ནང་པའི་ཆོས་རིག་བོད་སྐད་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པར་མཛད་པ་ལག་རྗེས་ཆེ་བས་ན།མཚན་སྙན་ཧ་ཅང་ཆེ་བའི་སྐྱེས་བུ་ཆེན་པོ་ཡིན་པས།ལོ་རྒྱུས་ཆོས་འབྱུང་དང་བཀའ་བསྟན་དཀར་ཆག་སོགས་སུ་མཛད་པ་ཅི་རིགས་སུ་འཁོད་ཡོད་དོ།།
ཁོང་རྣམ་གསུམ་གྱི་འཁྲུངས་འདས་ལོ་ཚིགས་ཁ་གསལ་བཀོད་པའི་ཡིག་ཚངས་མཇལ་ཡུལ་དུ་མ་བཞུགས་པས།བྱོན་པའི་དུས་ལ་ཡང་བོད་ཀྱི་ལོ་རྒྱུས་ཡིག་ཚངས་རྣམས་སུ་བཤད་ལུགས་མི་འདྲ་བ་ཅི་རིགས་སུ་སྣང་ལ།ཉེ་དུས་དྲྭ་བའི་འཕྲིན་ལམ་ཁག་ཏུ་ཁོང་རྣམ་གསུམ་སྐྱ་སེར་གང་ཡིན་སོགས་ལ་བགྲོ་གླེང་གནང་བ་དང་། རྩོད་གླེང་ཅི་རིགས་སུ་མཛད་འདུག་པ་དྲྭ་ལམ་ཁག་ཏུ་ཡང་ཡང་བཤམས་སྟོན་མཛད་འདུག་གོ།།
འདིར་རང་རེའི་ཡིག་ཚངས་རྙིང་པ་གཞིར་བཞག་ཏེ་བྱུང་བ་རིག་པའི་འགྲོས་བཞིན་ལོ་ཙཱ་བ་ཀ་ཅོག་ཞང་གསུམ་གྱི་མཛད་པ་ནམ་ཞིག་རྒྱས་ཚུལ་ཅུང་ཟད་གླེང་བར་འདོད་དེ། མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པའི་ངོས་༢༦༨ལས། མེས་ཁྲི་སྲོང་གི་རིང་ལ། ལོ་ཙཱ་བ་བཻ་རོ་ཙ་ནའི་རིང་ལ་ཆེ་གསུམ། ཞང་སེ་བཙན་ལྷ་ན། རྦ་རཏྣ། ཤུད་པུ་ཁོང་སླེབས་སོ།།འབྲིང་གསུམ་ནི། ལྷ་ལུང་ཀླུ་གོང་། བྲན་ཀ་ལེགས་གོང་། འགོ་བོང་ཡུལ་གོང་ངོ་། ཆུང་གསུམ་ནི། ལྡན་མ་རྩེ་རྨང་། འགོས་སྙ་བཟངས། ལོ་ཁྱི་ཆུང་རྣམས་ཀྱིས་སྡེ་སྣོད་གསུམ་དང་གསང་སྔགས་ཀྱི་ཆོས་རྒྱ་གར་དུ་མ་ལུས་པ་ཙམ་བསྒྱུར། ཞེས་བཀོད་འདུག་པ་ལྟར་ན། སྐབས་དེར་ཀ་ཅོག་ཞང་གསུམ་ལོ་ཙཱ་སློབ་བཞིན་པའི་སྐབས་ཡིན་པར་ཆ་འཇོག་འོས་པར་སྣང་ངོ་།།
དེ་བཞིན་ལྷོ་བྲག་པ་དོན་དམ་སྨྲ་བའི་སེང་གེས་མཛད་པའི་བཤད་མཛོད་ཡིད་བཞིན་ནོར་བུའི་ངོས་༡༩༥ལས། མངའ་བདག་ཁྲི་རལ་པ་ཅན་གྱི་སྐུ་རིང་ལ། རྒྱ་གར་གྱི་མཁས་པ་ཛི་ན་མི་ཏྲ་གདན་དྲངས། ལོ་ཙྪ་བ་ཀ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་སྣ་ནམ་ཡེ་ཤེས་སྡེ་རྣམས་ཀྱིས་་་སྔར་མ་བསྒྱུར་བ་ཐམས་ཅད་སྒྱུར་ཞིང་། སྔར་མ་སྒྱུར་བ་ཐམས་ཅད་སྐད་གསར་བཅད་ཀྱིས་བཅོས་ནས་བསྟན་ལ་ཕབ་པ། ཞེས་གསལ་འདུག་པ་དང་། བཙན་པོའི་དུས་རབས་དང་ཐག་ཉེ་བའི་ཡིག་ཆ་སྟེ། དབའ་བཞེད་བཞུགས་སོ་ཞེས་པའི་ངོས་༥༨ལས། ལྷ་སྲས་ཁྲི་གཙུག་ལྡེ་བཙན་༼རལ་པ་ཅན་༽ གྱི་སྐུ་རིང་ལ་རྒྱ་གར་གྱི་མཁས་པ་མང་པོ་སྤྱན་དྲངས་ཏེ་ཀ་ཅོག་རྣམ་༣གྱིས་སྔར་མ་འགྱུར་བའི་ཆོས་རྣམས་༼ཀྱང་༽བསྒྱུར། ༼སྔར་༽མ་འགྱུར་བ་རྣམས་ཀྱང་སྐད་གསར་ཆད་༼བཅད་༽ཀྱིས་གཏན་ལ་ཕབ། ཅེས་བཀོད་པར་མཛད་འདུག་པས། བཙན་པོ་ཁྲི་རལ་པ་ཅན་ཁྲིར་བཞུགས་པའི་སྐབས་སུ་མཛད་འཕྲིན་རྒྱས་པའི་དུས་དངོས་ཡིན་པར་གསལ་ཡོད་དོ། །
མྱང་རལ་ཆོས་འབྱུང་སོགས་སུ་བཙན་པོ་ཁྲི་སྲོང་སྐབས་སུ་ཀ་ཅོག་ཞང་གསུམ་གྱིས་མཁན་སློབ་ཀྱི་ལོ་ཙཱ་བ་མཛད་པར་གསལ་བས་དེ་དུས་ནས་གྲགས་པ་རྒྱས་ཟིན་པ་མ་ཡིན་ནམ་ཞེ་ན། དེ་ལ་དོགས་སེལ་གྱི་སྨན་མཆོག་དཀར་པོ་ཆིག་ཐུབ་ནི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ཁྲིར་བཞུགས་པའི་ཤིང་རྟ་ལོ་ཕྱི་ལོ་༨༡༤ལོར་སྐད་གསར་བཅད་མཛད་པའི་ཡིག་ཆ་གྲགས་ཆེན་སྒྲ་སྦྱོར་བམ་གཉིས་ཀྱི་གླེང་གཞི་ལས། སྔོན་ལྷ་སྲས་ཡབ་ཀྱི་རིང་ལ། ཨཱ་ཙརྱ་བོ་དྷི་ས་ཏྭ་དང་། ཡེ་ཤེས་དབང་པོ་དང་། ཞང་རྒྱལ་ཉེན་ཉ་བཟང་དང་། བློན་ཁྲི་བཞེར་སང་ཤི་དང་། ལོ་ཙཱ་བ་ཛྙཱ་ན་དེ་བ་ཀོ་ཥ་དང་། ལྕེ་ཁྱི་འབྲུག་དང་། བྲམ་ཟེ་ཨན་ནནྡ་ལ་སོགས་པས་་་ཞེས་པར་ཀ་ཅོག་ཞང་གསུམ་མ་གསལ་བས། དེ་དུས་ཀྱི་ལོ་ཙཱ་བའི་གྲས་སུ་གྱུར་མེད་པ་གསལ་པོར་བསྟན་ཡོད་དོ།།
ལ་ལས་སོགས་ཁོངས་སུ་གཏོགས་སོ་ཞེ་ན། བཀའ་བཅད་དེའི་སྐབས་བཞུགས་ཀྱི་ལོ་པན་མཚན་ཐོ་དེར་བཀོད་པ་ལ་གཟིགས་ན། དེ་ལས། ཉི་འོག་གི་མཁན་པོ་ཨཱཙརྱ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། དཱ་ན་ཤཱི་ལ་དང་། བོ་དྷི་མི་ཏྲ་དང་། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ་དང་། དྷརྨ་ཏཱ་ཤཱི་ལ་དང་། ལོ་ཙཱ་བ་མཁས་པར་ཆུད་པ་ཛྙཱ་ན་སེ་ན་དང་། ཛ་ཡ་རཀྵི་ཏ་དང་། མཉྫུ་ཤྲཱི་ཝརྨྨ་དང་། རཏྣ་ཤཱི་ལ་ལ་སོགས་པས་་་་ཞེས་གསལ་བས་ན།དེར་ཞང་ཡེ་ཤེས་སྡེ་ལ་མཁས་པར་ཆུད་པ་ཞེས་ཁྱད་ཆོས་དང་བཅས་བཀོད་ཡོད་ནའང་། ཀ་ཅོག་གཉིས་ཀྱི་མཚན་བཀོད་མེད་པས་ན། སྐབས་དེར་ལོ་ཙཱ་བ་ཆུང་གྲས་སུ་གཏོགས་པར་གསལ་ཡོད་དོ།།
བཙན་པོ་ཁྲི་རལ་པའི་སྐབས་སུ་བསྒྲིགས་པའི་དཀར་ཆག་གྲགས་ཅན་དཀར་ཆག་ལྡན་དཀར་མ་ལས། འབྲུག་གི་ལོ་ལ་ཕོ་བྲང་ལྡན་དཀར་ན་བཞུགས་པའི་སྟོན་སྒྲ་སྒྱུར་གྱི་བནྡེ་དཔལ་བརྩེགས་དང་། བནྡེ་ཀླུའི་དབང་པོ་ལ་སོགས་པས་་ཞེས་གསལ་བ་དང་།དཀར་ཆག་འཕང་ཐང་མ་ལས། སླད་ཀྱིས་ཁྱི་ལོ་ལ་༼བཙན་པོ་ཁྲི་རལ་པ་ཅན་ཡར་ལུངས་ཤར་ཕྱོགས་ཀྱི་ཕོ་བྲང་འཕང་ཐང་ཀ་མེད་ན་བཞུགས་པའི་སྟོན་ཅེས་པའང་སྣང་། ༽ཕོ་བྲང་འཕང་ཐང་ན་བཞུགས་པའི་སྟོན། སྒྲ་སྒྱུར་གྱི་བླ་བན་དྷེ་དཔལ་བརྩེགས་དང་། བན་དྷེ་ཆོས་ཀྱི་སྙིང་པོ་དང་། ལོ་ཙ་བ་བན་དྷེ་དེ་བེན་ཏྲ་དང་། བན་དྷེ་ལྷུན་པོ་ལ་སོགས་པའི་གཡར་སྔར་་་ཞེས་བཀོད་འདུག་པས་ན། ཁོང་རྣམ་པའི་མཛད་འཕྲིན་ནམ་ཞིག་ལ་རྒྱས་པ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ཆེན་པོར་གྱུར་པའི་དུས་ཚོད་གང་ལ་ཡིན་སོགས་ལ། ཕྱིས་ཀྱི་ཡིག་ལམ་དག་ལ་བརྟེན་མི་དགོས་པར་བཙན་པོའི་དུས་ཀྱི་ཡིག་ཚངས་རྩོད་མེད་སྒྲ་སྦྱོར་བམ་གཉིས་དང་དཀར་ཆག་གཉིས་ཁོ་ན་ལ་གཞིགས་ནའང་ཐེ་ཚོམ་ཐ་དག་རང་སར་ཞི་བར་འགྱུར་བ་ཡིན་ནོ།།
ཀ་ཅོག་ཞང་གསུམ་ཞེས་པའི་རྣམ་གཞག་འདི་ཡང་དུས་ཕྱིས་སུ་སྔ་དར་སྐབས་ཀྱི་ལོ་ཙཱ་བའི་ཁྲོད་དུ་ཡིག་བསྒྱུར་དང་སྐད་གསར་བཅད་སོགས་ལ་མཛད་རྗེས་ཆེ་བའི་དབང་གིས་རྣམ་གཞག་མཛད་པ་ལས།སྐུ་ན་མཉམ་པ་སོགས་ལ་གོ་མི་རུང་བ་དང་། བཙན་པོའི་སྐབས་ཀྱི་ཡིག་ཚངས་འདི་དག་ཁོ་ནས་ལོ་ཙཱ་བ་རིམ་བྱོན་དང་དུས་ཚོད་སོགས་ངེས་པ་ཅན་རྟོགས་པར་ནུས་པ་ཡིན་ནའང་།ལོ་རྒྱུས་དངོས་དང་མཐུན་པའི་གཏན་ཚིགས་ཅུང་ཟད་རེ་གླེང་ནའང་།སྔ་མའི་ཅི་མཛད་ལེགས་མཐོང་གིས་བཤད་སྒྲོས་གཙུག་ཏུ་བཀུར་ཞིང་།དཔྱད་གཞིགས་གང་ཡང་མཛད་མི་ཤེས་པའི་རིགས་ཅན་གྱིས་ལམ་སེང་ལྟ་ལོག་དང་བསྟན་དགྲ། དམ་ཉམ་ཞེས་པའི་ཆོ་ངེ་གང་སར་འདོན་ཞིང་།ཞྭ་ནག་བཀོན་ཅི་ཐུབ་བྱེད་པ་ནི་རང་རེའི་སེར་སྐྱ་མང་པོའི་སྤྱི་སྲོལ་ཡིན་པ་གཞིར་བཅས།ཀུན་མཁྱེན་ཀློང་ཆེན་པས།ལོ་དུ་མར་སོང་ནའང་རྒྱུས་ཡོད་པ་བཞིན་སྨྲ་བར་ནུས་པ་ལ་ལོ་རྒྱུས་ཞེས་བྱའོ།།ཞེས་གསུངས་པའི་ཕྱིར་ན།དེ་རིང་ཁོང་གི་འདས་མཆོད་དང་སྟབས་བསྟུན་ལོ་རྒྱུས་ཅུང་ཟད་མཛུབ་མོ་རི་སྟོན་དུ་སྤྲོས་པ་ལགས་སོ།།༢༠༢༡/༡/༣༡
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་།
གསར་འགྱུར། རིག་གནས།
གྱེར་འདོན། བརྙན་རིས།
འབྲེལ་གཏུགས་བྱེད་ཡུལ།
དོན་འགྲུབ་ཕུན་ཚོགས། །སྐལ་བཟང་ཆོས་གྲགས།
འཇམ་དབྱངས་མཁྱེན་རབ།
ཁ་པར་ཨང་གྲངས།
0836-2838261
རྩོམ་ཁུངས། ལུག་ཚང་དཔལ་ཡོན་འཕྲིན་སྟེགས།
ལྟ་སྐུལ་བ། དོན་འགྲུབ་ཕུན་ཚོགས།
གཙོ་འགན་པ། སྐལ་བཟང་ཆོས་གྲགས།
རྩོམ་སྒྲིག་པ། འཇམ་དབྱངས་མཁྱེན་རབ།
